ཀྲུང་གོས་རྒྱལ་སྤྱིའི་བཟོ་སྐྲུན་ལས་རིགས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན། 
2023.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་བཟོ་སྐྲུན་ཉིན་མོའི་དགའ་སྟོན་རྟེན་འབྲེལ་གྱི་བྱ་འགུལ་རབ་དང་རིམ་པ་ཚེས་གཉིས་ཉིན་ནས་ཚེས་བཞི་ཉིན་བར་སི་ཕན་གྱི་མཱ་ཏི་ལི་ནས་སྤེལ། ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་བཟོ་སྐྲུན་ཚན་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་འཐུས་ཚབ་ཚོགས་པས་བྱ་འགུལ་དེའི་གླེང་སྟེགས་མང་བོའི་སྟེང་རྒྱལ་སྤྱིའི་ལས་རིགས་གཅིག་མཐུན་བར་བརྗེ་རེས་བྱས་ཏེ། ཀྲུང་གོས་རྒྱལ་སྤྱིའི་བཟོ་སྐྲུན་ལས་རིགས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། འཛམ་གླིང་ཡོངས་ལ་སྔར་ལས་མང་བའི་བཟོ་སྐྲུན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་འདོད་ཡོད་པའི་སྒོ་འབྱེད་ཀྱི་རྣམ་འགྱུར་མངོན་པར་བྱས། 

འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ཚོགས་པའི་སྐུལ་འདེད་འོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་དགུ་ལོར་ལོ་རེའི་ཟླ་གསུམ་པའི་ཚེས་བཞི་ཉིན་དེ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛམ་གླིང་བཟོ་སྐྲུན་ཉིན་མོར་གཏན་འཁེལ་བྱས་ཏེ། མང་ཚོགས་ཀྱིས་བཟོ་སྐྲུན་དང་བཟོ་སྐྲུན་པའི་རྒྱུན་མཐུད་འཕེལ་རྒྱས་ཁྲོད་ཀྱི་ནུས་པ་གལ་ཆེན་གྱི་ངོས་ཟིན་ཇེ་དྲག་ཏུ་བཏང་། 

ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་སྤེལ་བའི་བཟོ་སྐྲུན་གྱིས་གྲོང་ཁྱེར་གྱི་མ་འོངས་པ་གསར་གཏོད་བྱེད་པའི་རྒྱལ་སྤྱིའི་གླེང་སྟེགས་སྟེང་། ཀྲུང་གོའི་བཟོ་སྐྲུན་ཚན་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་པ་མང་བོས་སྙན་ཞུ་ངོ་མཚར་བ་སྤེལ། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ལིན་ཝུན་གྱིས་ཀྲུང་གོས་མི་གྲངས་འགྲན་རྩོད་ཐག་གཅོད་བྱེད་པའི་ཇུས་གཞི་མཉམ་སྤྱོད་བྱས་པ་དང་། འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ཚོགས་པའི་བཟོ་སྐྲུན་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་པ་ཧི་ཅིང་གིས་ཨེ་ཤ་ཡཱའི་བུད་མེད་ཀྱིས་བཟོ་སྐྲུན་ལག་རྩལ་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཐད་ཀྱི་ཕུལ་དུ་བྱུང་བའི་བྱས་རྗེས་རྒྱས་བརྗོད་བྱས། 

དེ་ལས་གཞན་ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱི་རྒྱུན་ཨུ། ཨོ་མིན་སློབ་ཆེན་གྱི་སློབ་གཙོ་སུང་ཡུང་ཧྭ་ཡིས་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྒོར་ཅོག་གླེང་སྟེགས་སྟེང་རྒྱལ་སྤྱི་དང་ལས་ཁུངས་ཀྱི་མཉམ་ལས་སྤེལ་ནས། ཐཱན་སྙོམས་སྒྲིག་རྨང་གཞིར་བྱས་པའི་ནུས་ཁུངས་མ་ལག་གི་རྒྱུན་མཐུད་རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་ཞེས་པ་ཁ་བྱང་བྱས་ནས། ཨོ་མིན་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཉམས་མྱོང་མཚམས་སྦྱོར་བྱས། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཧོང་ཝེ་ཡིས་ཀྱང་ཨེ་ཤ་ཡཱའི་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ཚོགས་པའི་ཚན་བྱས་ཏེ་སྒོར་ཅོག་གླེང་སྟེགས་སྟེང་གཏམ་བཤད་སྤེལ། 

འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ཚོགས་པའི་སྔོན་ཆད་ཀྱི་ཀྲུའུ་ཞི། ཀྲུང་གོའི་ཚན་རིག་པ་ཀུང་ཁི་ཡིས་བཤད་རྒྱུར། འཛམ་གླིང་བཟོ་སྐྲུན་ཉིན་མོའི་བྱ་འགུལ་ནི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ཀྱི་སྟེགས་བུ་ཞིག་ཡིན་ཞིང་། ཧུར་ཐག་གིས་དེར་ཟབ་ཞུགས་བྱས་ཏེ་ང་ཚོས་ཀྲུང་གོའི་སྒོ་འབྱེད་ཀྱི་རྣམ་འགྱུར་མངོན་པར་བྱེད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་མུ་མཐུད་དུ་སྔོན་ཐོན་གྱི་ཉམས་མྱོང་བརྗེ་རེས་བྱས་ནས་སློབ་སྦྱོང་དང་མཉམ་ལས་སྲུང་འཛིན་བྱེད་འདོད་ཡོད་ཟེར། 

འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ཚོགས་པ་དེ་གཅིག་སྟོང་དགུ་བརྒྱ་རེ་བརྒྱད་ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གྲོས་འདོན་དང་རྒྱབ་སྐྱོར་འོག་བཙུགས་པ་ཡིན་ལ། སྤྱི་ཁྱབ་པུའུ་ཕཱ་རེ་སི་ན་བཙུགས་ཡོད། ལོ་ངོ་ལྔ་བཅུ་ལྷག་གི་འཕེལ་རྒྱས་བརྒྱུད། རྩ་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ལ་ཁེབས་ཡོད། གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོར། ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱིས་ཀྲུང་གོའི་ཚབ་བྱས་ཏེ་དངོས་སུ་རྩ་འཛུགས་དེར་ཞུགས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།