ཧན་གོའི་ཕྱི་འབྲེལ་བློན་ཆེན་ཕེའོ་ཀྲིན་གྱིས་ཚེས་དྲུག་ཉིན་ཕྱི་འབྲེལ་པུའུ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཧན་གོས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ངལ་རྩོལ་བཟོ་བ་བཙན་བསྡུ་བྱས་པའི་ཐད་ནས་འཇར་པན་ལ་སྐྱིན་ཚབ་སྤྲོད་དུ་འཇུག་པའི་གནད་དོན་ཐག་གཅོད་པའི་ཕྱོགས་གསུམ་པས་སྐྱིན་ཚབ་སྤྲོད་པའི་ཇུས་གཞི་ཁྱབ་བསྒྲགས་དངོས་སུ་ཁྱབ་བསྒྲགས་བྱས།
བསྒྲགས་པ་ལྟར་ན། ཧན་གོའི་སྲིད་འཛིན་བདེ་འཇགས་པུའུ་ཡི་ཁོངས་སུ་གཏོགས་པའི་དཔོན་ཕྱོགས་ཚོགས་ཁག་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཧན་གོའི་ཁྲིམས་ཁང་ཆེན་མོའི་སྐྱིན་ཚབ་སྤྲོད་པའི་གྱོད་དོན་སྣ་གསུམ་གྱི་ཐད་ནས་འཇར་པན་གྱི་ཁེ་ལས་ལ་ཐག་གཅོད་བྱས་པའི་སྐྱིན་ཚབ་མ་དངུལ་རྩིས་སྤྲོད་བྱེད་རྒྱུ་རེད།
ཕེའོ་ཀྲིན་གྱིས་བསྟན་དོན། ངལ་རྩོལ་བཟོ་བ་བཙན་བསྡུ་བྱས་པའི་དཀའ་སྡུག་ཡིད་ལ་དམ་པོར་འཛིན་དགོས་པ་དང་། མ་འོངས་པར་སྔར་སོང་རྒྱུན་མཐུད་ཀྱིས་གནོད་ཐེབས་མཁན་ལ་རྗེས་དྲན་བྱེད་པའི་བྱ་བ་དང་། འབྲེལ་ཡོད་ཀྱི་སློབ་གསོ་དང་བརྟག་དཔྱད། ཞིབ་འཇུག་བཅས་ཀྱི་ལས་གཞིར་རྒྱབ་སྐྱོར་གང་ལེགས་བྱེད་དགོས་ཟེར།
ཕེའོ་ཀྲིན་གྱིས་ད་རུང་བསྟན་དོན། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་རང་བཞིན་ལྡན་པའི་སྒོ་ནས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོའི་ཟླ་བཅུ་བར་སྤེལ་བའི་དུས་རབས་ཉེར་གཅིག་པའི་ཧན་གོ་དང་འཇར་པན་གྱི་གྲོགས་པོའི་འབྲེལ་བ་གསར་བའི་ཐུན་མོང་བསྒྲགས་གཏམ་རྒྱུན་འཛིན་བྱས་ཤིང་། ཡ་ང་བའི་ལོ་རྒྱུས་ཁྱད་དུ་བསལ་ནས་འགྲིག་མཐུན་དང་ཁྱིམ་མཚེས་མཛའ་མཐུན་སྙིང་སྟོབས་རྨང་གཞིར་བྱས་ཏེ་མ་འོངས་པར་ཁ་ཕྱོགས་པའི་ཧན་གོ་དང་འཇར་པན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།
བསྒྲགས་པ་ལྟར་ན། ཚོད་དཔག་བྱས་ན་འཇར་པན་སྲིད་གཞུང་གིས་ཀྱང་དངོས་གཞིའི་རྣམ་འགྱུར་སྟོན་སྲིད་ཀྱང་། སྐྱིན་ཚབ་མ་དངུལ་དེ་ཧན་གོའི་ཁེ་ལས་ཀྱིས་རང་འགུལ་དུ་བསྡུས་པ་ལས་འཇར་པན་ཁེ་ལས་དག་ཐད་ཀར་ཞུགས་པར་བརྩོན་ལེན་ཐོབ་མེད་པས། གནོད་ཐེབས་ཀྱི་ངལ་རྩོལ་བཟོ་བ་སྐོར་ཞིག་གིས་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།