ཆན་ཆའོ་ནུས་ཁུངས་གཟའ་འཁོར་ནས་ནུས་ཁུངས་དང་ནམ་ཟླ། བདེ་འཇགས་བཅས་གནད་སར་བཟུང་ཡོད།
2023.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་སྤྱིའི་ནུས་ཁུངས་ལས་རིགས་ཀྱི་རྩེ་གྲས་གྲོས་ཚོགས་ཅན་ཆའོ་ནུས་ཁུངས་གཟའ་འཁོར་ཞེས་པ་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར་ཨ་མེ་རི་ཁའི་ནུས་ཁུངས་ཀྱི་ཕ་ས་ཞིག་སི་ཏོན་ནས་ཚོགས་མགོ་བརྩམས་པ་དང་། གཙོ་བོ་ནུས་ཁུངས་བདེ་འཇགས་དང་ནུས་ཁུངས་འཕར་བསྒྱུར་གྱི་འགྲན་རྩོད་ཟུང་ལྡན་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས།

ད་ལོའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་རྦ་རླབས་དྲག་ཏུ་རྩེན་པའི་འཛམ་གླིང་དུ་འགྲུལ་བཞུད་བྱེད་པ་སྟེ། ནུས་ཁུངས་དང་ནམ་ཟླ། བདེ་འཇགས་ཞེས་པ་དེ་རེད། གཙོ་སྒྲུབ་ཕྱོགས་ཏེ་ཚད་ལྡན་ཡོངས་ཁྱབ་འཛམ་གླིང་ཀུང་ཟི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། པྲོག་གསར་གློ་ཚད་རིམས་ནད་དང་ཝུའུ་ཁི་ལན་གྱི་ཉམས་ཉེན། ས་ཁུལ་བར་གྱི་ཆབ་སྲིད་ཀྱི་ཛ་དྲག་གི་གནས་བབ་བཅས་ཀྱི་རྒྱུན་མཐུད་ཤུགས་རྐྱེན་འོག ནུས་ཁུངས་ཚོང་རར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ནུས་ཁུངས་བདེ་འཇགས་དེ་ཡང་བསྐྱར་རྒྱལ་ཁབ་སོ་སོའི་སྲིད་ཇུས་ཀྱི་ཐོག་མའི་ཁ་ཕྱོགས་སུ་གྱུར་ཡོད། ཚོད་དཔག་ཐུབ་པའི་མ་འོངས་པར་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་དགོས་མཁོ་མུ་མཐུད་དུ་འཕར་སྣོན་བྱུང་སྟེ། རྒྱལ་ཁབ་མང་བོས་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་དང་ནུས་ཁུངས་འཕར་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ནས་དཀའ་ཁག་མྱོང་བཞིན་ཡོད།

ད་ལོའི་གྲོས་ཚོགས་ཀྱི་བརྗོད་སྙིང་རྒྱ་ཆེ་ཞིང་། རིམས་ནད་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་དང་ཨ་མེ་རི་ཁའི་ནུས་ཁུངས་སྲིད་ཇུས། འཐབ་ཇུས་གཏེར་ཐོན་གྱི་མཁོ་འདོན་མུ་རྒྱུན། གློག་ཆས་ཅན། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་། ནུས་ཁུངས་དངུལ་གསོག ཐལ་དྲགས་པའི་ནམ་ཟླ་སོགས་ལ་ཁེབས་ཡོད། སྲོལ་རྒྱུན་གྱི་ནུས་ཁུངས་ཁྱབ་ཁོངས་སུ་རང་བྱུང་སོལ་རླངས་ཀྱི་གླེང་གཞི་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ། ནུས་ཁུངས་གསར་བའི་ཁྱབ་ཁོངས་སུ་ཆིང་ནུས་བརྗོད་སྙིང་དུ་བྱས་པའི་གྲོས་ཚོགས་ཁོ་ན་བརྒྱད་ཅུ་ལྷག་ཡོད་ལ། ཚ་ཚ་འུར་འུར་གྱི་རྣམ་པ་དེར་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད།

ད་ལོའི་ཆན་ཆའོ་ནུས་ཁུངས་གཟའ་འཁོར་ནས་གསར་གཏོད་ཀུན་འདུས་ཚོང་རའི་རིགས་ཀྱི་གྲོས་ཚོགས་ཀྱི་གཞི་རྒྱ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་རང་བཞིན་གྱི་ལག་རྩལ་དང་གསར་གཏོད་ལ་དོ་སྣང་བྱས་ཡོད། གྲོས་གཞི་གཙོ་བོར་གྲངས་ལྡན་ཅན་དང་མིས་བཟོས་རིག་ནུས། དྲ་རྒྱའི་བདེ་འཇགས། འཕྲུལ་མིའི་ལག་རྩལ། ས་ཁོངས་དང་དུམ་བུའི་མུ་འབྲེལ། གསར་དར་རྒྱུ་ཆའི་བཟོ་སྐྲུན། ནུས་ཁུངས་ཀྱི་ཕན་ནུས་དང་རྒྱུན་འབྲེལ་རང་བཞིན། ཆེས་གསར་བའི་ཐཱན་བྲལ་ལག་རྩལ་དང་དེའི་མ་དཔེའི་ཞིབ་འཇུག་སོགས་འདུས། གཏམ་བཤད་གཙོ་བོ་སྤེལ་མཁན་ནི་སྲོལ་རྒྱུན་ནུས་ཁུངས་ཀུང་ཟི་དང་། གསར་དུ་བཙུགས་པའི་ཁེ་ལས་བརྒྱ་ལྷག་གི་ཚན་རྩལ་དང་དངུལ་གཏོང་ཀུང་ཟི། དེ་མིན་རིག་གཞུང་ལས་ཁུངས་ཉིས་བརྒྱ་ཉི་ཤུ་ལྷག་ནས་ཡོང་བ་རེད།

མཐོ་རིམ་སློབ་གྲྭ་ནི་མ་གཞི་ནས་ཚན་རྩལ་གསར་གཏོད་ཀྱི་གནས་གཙོ་བོ་ཡིན། ཅན་ཆའོ་ནུས་ཁུངས་གཟའ་འཁོར་གྱིས་བཀོད་སྒྲིག་བྱས་པའི་མཐོ་རིམ་སློབ་གྲྭའི་གནས་ཚུལ་གསར་བས་ད་ལོར་སི་ཐན་ཧྥུའུ་དང་མཱ་ཧྲིན་རང་བྱུང་ཚན་རིག་བཟོ་སྐྲུན་སློབ་གླིང་། ལའེ་སི་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་མང་བོའི་ཚན་རིག་ཞིབ་འཇུག་མི་སྣ་གདན་དྲངས་ནས་རང་གི་རྩེར་སོན་གྱི་ཞིབ་འཇུག་ལས་གཞི་མཚམས་སྦྱོར་བྱས། ནུས་ཁུངས་དང་ལག་རྩལ་དེ་ཇི་ལྟར་མཉམ་འདྲེས་བྱས་ཏེ་གསར་གཏོད་བྱེད་པ་དེ་ནུས་ཁུངས་བདེ་འཇགས་དང་འཕར་བསྒྱུར་གྱི་འགྲན་རྩོད་ཟུང་ལྡན་ཐག་གཅོད་བྱེད་པའི་ཆེས་མདུན་གྲལ་དུ་རློམ་ཡོད།

ཅན་ཆའོ་ནུས་ཁུངས་གཟའ་འཁོར་ནི་ཚད་ལྡན་ཡོངས་ཁྱབ་འཛམ་གླིང་ཀུང་ཟིས་རྩ་འཛུགས་བྱས་པའི་འཛམ་གླིང་རང་བཞིན་གྱི་གྲོས་ཚོགས་ཤིག་ཡིན་པ་དང་། ནུས་ཁུངས་ལས་རིགས་ཀྱི་ཚད་གཞི་ཆེས་མཐོ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཤིག་ཡིན། གཙོ་སྒྲུབ་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཚོད་དཔག་ལྟར་ན་ད་ལོར་རྒྱལ་ཁབ་དང་ས་ཁུལ་བརྒྱད་ཅུ་ལྷག་ནས་ཡོང་བའི་མི་སྟོང་བདུན་ལྷག་གྲོས་ཚོགས་ལ་ཞུགས་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།