བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་ནི་དུས་ཚོད་ཀྱི་གནད་དོན་ཙམ་ཡིན་པའི་ཚུལ་བསྟན།
2023.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བདུན་ཉིན་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་བསྟན་དོན། སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་ནི་ཡིན་མིན་གྱི་གནད་དོན་མ་ཡིན་པར་དུས་ཚོད་ཀྱི་གནད་དོན་རེད། ད་ལྟ་ཆོག་མཆན་འགོད་པའི་རེ་ཞུའི་དུས་ཚོད་ཡོངས་འགྲུབ་བྱས་ཡོད་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཉིན་དེར་སུའེ་ཏེན་དུ་འཚམས་འདྲི་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱི་གྲོས་གཞི་མ་ཡིན་པའི་གྲོས་ཚོགས་ལ་ཞུགས་རྗེས། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། སི་ཐའོ་ཨར་ཐིན་པེ་ཀི་ཡིས་བསྟན་དོན། ད་ལྟ་སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་རེ་ཞུར་ཆོག་མཆན་འགོད་པའི་འཕེལ་རིམ་མྱུར་མོར་ཡོངས་འགྲུབ་བྱེད་དགོས་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་དང་ཁི་ལི་སི་ཐི་སུང་གཉིས་ཀྱིས་མཉམ་དུ་བསྟན་དོན། ཐུར་ཁེ་དང་སུའེ་ཏེན། ཧྥུན་ལན་བཅས་ཀྱིས་སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་སྐོར་གྱི་གྲོས་མོལ་དེ་ཚེས་དགུ་ཉིན་ཡང་བསྐྱར་སླར་གསོ་བྱེད་རྒྱུ་ཡིན་ཟེར།

གཞན་ཡང་སུའེ་ཏེན་བརྙན་འཕྲིན་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། སུའེ་ཏེན་སྲིད་གཞུང་གི་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་གཞི་དང་འབྲེལ་ཡོད་ཀྱི་ཁྲིམས་འཛུགས་གྲ་སྒྲིག་བྱས་ཡོད་ལ། སུའེ་ཏེན་གྱི་རྒྱལ་ཚོགས་ལ་སྤྲོད་རྒྱུ་རེད་ཟེར།

ཧྥུན་ལན་གྲོས་ཁང་གིས་ཚེས་གཅིག་ཉིན་འདེམ་ཤོག་འཕངས་ཏེ་སྲིད་གཞུང་གི་ཧྥུན་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་གཞི་དང་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་འབྲེལ་ཡོད་རྒྱལ་སྤྱིའི་གྲོས་མཐུན་དང་ཁྲིམས་འཛུགས་གྲོས་གཞི་སོགས་ལ་ཆོག་མཆན་བཀོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།