ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་གྲངས་ཀ་དང་ཚན་རྩལ་ཁྱབ་ཁོངས་ཀྱི་བུད་མེད་ཁེ་ལས་པའི་སྙིང་སྟོབས་བརྗོད་གཞིར་བྱས་པའི་གྲོས་ཚོགས་བསྡུས།
མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཐོབ་ཐང་ཨུ་ཡོན་ལྷན་ཁང་སྐབས་རེ་བདུན་པའི་གྲོས་ཚོགས་སྐབས་སུ། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པ་དང་ཡོ་རོབ་མནའ་འབྲེལ་གྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཞིབ་བཤེར་ཚོགས་པས་ཚེས་བདུན་ཉིན། གྲངས་ཀ་དང་ཚན་རྩལ་ཁྱབ་ཁོངས་ཀྱི་བུད་མེད་ཁེ་ལས་པའི་སྙིང་སྟོབས་ཅེས་པ་བརྗོད་གཞིར་བཟུང་པའི་གྲོས་ཚོགས་མཉམ་དུ་བསྡུས།
ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིན་དབྱི་ཡིས་མགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ལ། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། བུད་མེད་ཚན་རྩལ་འཇོན་མིའི་འཕེལ་རྒྱས་དང་། བུད་མེད་ཀྱི་གྲངས་ཀའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞིའི་ཁྲོད་བཞག་ཡོད་ལ། ཀྲུང་གོའི་བུད་མེད་ཚན་རྩལ་གསར་གཏོད་དང་གྲངས་ཀའི་དཔལ་འབྱོར་ཁྲོད་ཞུགས་ནས་གྲུབ་འབྲས་རླབས་ཆེན་ལེན་རྒྱུ་ཡིན་ཟེར།
ལིན་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཡོ་རོབ་མནའ་འབྲེལ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པར་འཐད་པ་ཡིན་ལ། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། གོ་ལ་ཧྲིལ་བོའི་རང་བཞིན་གྱི་ཕོ་མོ་འདྲ་མཉམ་དང་བུད་མེད་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་འབད་པ་ལྷོད་མེད་བྱེད་རྒྱུ་ཡིན།
ཡོ་རོབ་མནའ་འབྲེལ་གྱི་ཕོ་མོ་འདྲ་མཉམ་དང་སྣ་མང་ཅན་གྱི་གཞུང་ཚབ་ཆེན་མོ་ལུང་ནཱ་ཀི་ལུའུ་པ་ཆི་ཆི་ཡིས་བཤད་རྒྱུར། གྲངས་ཀའི་ཚུལ་སྒྱུར་གྱིས་བུད་མེད་དང་བྱིས་པ་མོའི་འཕེལ་རྒྱས། བུད་མེད་དང་འབྲེལ་བའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད། ཕོ་མོ་འདྲ་མཉམ་སོགས་སྔོན་ཐོབ་དོན་ཚན་སྲིད་ཇུས་གྲོས་རིམ་ཁྲོད་བཞག་ནས། སྔར་ལས་ལྷག་པའི་སྒོ་ནས་བུད་མེད་ལས་གཏོད་པར་འདྲ་མཉམ་གྱི་གོ་སྐབས་འདོན་སྤྲོད་བྱེད་པ་མ་ཟད། མ་འོངས་པའི་གྲངས་ཀའི་འཇིག་རྟེན་བསྐྲུན་པར་མི་ཚང་མ་མཉམ་དུ་ཞུགས་ནས་བྱས་རྗེས་འཇོག་དགོས་ཟེར།
ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་པ་ཏའེ་པིན་དང་། ཡོ་རོབ་མནའ་འབྲེལ་གྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཞིབ་བཤེར་པ་སི་ཁི་ཀི རྒྱལ་ཁབ་སོ་སོའི་མཐོ་རིམ་དཔོན་པོ། མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས། སྲིད་གཞུང་མིན་པའི་རྩ་འཛུགས་མི་སྣ་སོགས་མི་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས། རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་འཐུས་མི། ཀྲུང་གོ་དང་ཡོ་རོབ་ཀྱི་བུད་མེད་ཁེ་ལས་པ་དང་དམངས་ཁྲོད་སྤྱི་ཚོགས་འཐུས་མིས་རང་རང་གི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ། བུད་མེད་ཁེ་ལས་པའི་སྙིང་སྟོབས་དམིགས་སུ་བཟུང་ནས་ཕན་འབྲས་མཉམ་སྤྱོད་བྱས། གྲོས་ཚོགས་ཀྱི་ཚོགས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚན་རྩལ་དང་གྲངས་ཀའི་ཁྱབ་ཁོངས་ཀྱི་བུད་མེད་ཁེ་ལས་པར་རྒྱབ་སྐྱོར་ཇི་ལྟར་བྱེད་པ་སོགས་གཙོར་བཟུང་སྟེ་གྲོས་སྡུར་ཟབ་མོ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།