མཱ་ལེ་ཞི་ཡའི་ཙུང་ལི་ཡིས་ཀྲུང་གོ་ནི་མཱ་ལེ་ཞི་ཡའི་ཆེས་ཆེ་བའི་དཔལ་འབྱོར་གྲོགས་པོ་ཡིན་ཞེས་བསྟན།
2023.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་གྱིས་ཚེས་བརྒྱད་ཉིན་ཅི་ལུང་ཕོ་རུ་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་མཱ་ལེ་ཞི་ཡའི་དངུལ་གཏོང་གླེང་སྟེགས་སྟེང་བརྗོད་དོན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར།  ཀྲུང་གོ་ནི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན་པ་དང་། མཱ་ལེ་ཞི་ཡའི་དཔལ་འབྱོར་གྲོགས་པོའང་ཡིན་ཟེར།

ཨན་ཝ་ཨར་གྱིས་བསྟན་དོན།  ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་དཔལ་འབྱོར་ཐད་སྔར་བཞིན་འཕར་ཚད་དལ་བ་དང་དངུལ་ལོར་འགྲེམས་ཐལ་ཤོར་བ་སོགས་ཀྱི་འགྲན་རྩོད་ལ་འཕྲད་ཡོད།   ཀྲུང་གོ་ནི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན་པ་དང་། མཱ་ལེ་ཞི་ཡའི་དཔལ་འབྱོར་གྲོགས་པོའང་ཡིན།

མཱ་ལེ་ཞི་ཡའི་དངུལ་གཏོང་འཕེལ་རྒྱས་ཅུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན།    ཉིས་སྟོང་ཉེར་གཉིས་ལོར།  ཀྲུང་གོ་ནི་མཱ་ལེ་ཞི་ཡའི་ཆེས་ཆེ་བའི་ཕྱི་དངུལ་གྱི་འབྱུང་ཁུངས་ཡིན།

ཀྲུང་གོ་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན།    ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོ་དང་མཱ་ལེ་ཞི་ཡ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་དྲུག་ཡིན་པ་དང་།  སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གསུམ་འཕར་ཡོད་ལ། ཀྲུང་གོ་བསྟུད་མར་ལོ་བཅུ་བཞིའི་རིང་ལ་མཱ་ལེ་ཞི་ཡའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོར་གྱུར་ཡོད།

མཱ་ལེ་ཞི་ཡའི་དངུལ་གཏོང་ནི་མཱ་ལེ་ཞི་ཡའི་ལོ་རེའི་ཆེས་ཆེ་བའི་དཔལ་འབྱོར་གླེང་སྟེགས་ཡིན།   ཨན་ཝ་ཨར་གྱིས་གླེང་སྟེགས་སྟེང་མཱ་ལེ་ཞི་ཡས་སྒོ་འབྱེད་ཀྱི་དཔལ་འབྱོར་སྲིད་ཇུས་སྲུང་འཛིན་བྱེད་པ་དང་འགྱུར་ལྡོག་གསར་པ་དང་བསྟུན་པ།  གོ་སྐབས་གསར་པ་དམ་འཛིན་བཅས་བྱས་ཏེ་དཔལ་འབྱོར་གྱི་བཟོད་སྒོམ་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས་ཡིན་ཞེས་ནན་གྱིས་བསྟན།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།