སུའེ་ཏེན་དང་ཧྥུན་ལན། ཐུར་ཁེ་བཅས་ཀྱིས་སུའེ་ཏེན་དང་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གནད་དོན་ཐད་ནས་ཡང་བསྐྱར་གྲོས་མོལ་བྱས།
2023.03.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

སུའེ་ཏེན་དང་ཧྥུན་ལན། ཐུར་ཁེ་བཅས་ཕྱོགས་གསུམ་གྱི་འཐུས་མིས་ཚེས་དགུ་ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གནད་དོན་ཐད་ནས་གྲོས་མོལ་བྱས། ཉིན་དེའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་བྱུང་མེད་ཀྱང་། ཕྱོགས་གསུམ་གྱིས་ད་ལོའི་ཟླ་བདུན་པའི་སྔོན་ལ་ཡང་བསྐྱར་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་དགུ་ཉིན་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་ཕྱོགས་གསུམ་གྱི་འཐུས་མིའི་གྲོས་མོལ་སྤེལ་བ་རེད། སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། སུའེ་ཏེན་དང་ཧྥུན་ལན་གྱིས་སྔར་མེད་ཀྱི་བྱེད་ཐབས་སྤྱད་དེ་ཐུར་ཁེའི་ལུགས་མཐུན་གྱི་བདེ་འཇགས་ཐད་ཀྱི་སེམས་ཁུར་ལ་མེད་པར་བཏང་ཡོད། ད་ལྟ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་ལས་རིམ་ལ་ཆོག་མཆན་འགོད་པ་ཡོངས་འགྲུབ་བྱས་ཏེ། སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་ད་ལོའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྔོན་དུ་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་དགའ་བསུ་བྱེད་པའི་དུས་ལ་བབས་ཡོད་ཟེར།

གྲོས་མོལ་བྱས་རྗེས་བྱང་ཆིངས་རྩ་འཛུགས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གསུམ་གྱི་འཐུས་མིས་ན་ནིང་བཀོད་པའི་བཟོད་སྒོམ་བརྗེད་ཐོ་ལག་བསྟར་བྱེད་པའི་ཐད་སྤྱོད་པའི་བྱེ་བྲག་གི་ལས་རིམ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གསུམ་གྱིས་སྔར་བླངས་པའི་གྲུབ་འབྲས་ལ་དགའ་བསུ་ཞུས་པ་དང་། ད་ལོའི་ཟླ་བདུན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྔོན་ལ་ཡང་བསྐྱར་གྲོས་མོལ་སྤེལ་བར་ཡིད་འཐད་བྱུང་ཡོད་པ་རེད།

སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་རེ་ཞུ་བཏོན་པ་དང་། ལོ་དེའི་ཟླ་དྲུག་པར། ཐུར་ཁེ་དང་སུའེ་ཏེན། ཧྥུན་ལན་བཅས་ཀྱིས་བཟོད་སྒོམ་བརྗེད་ཐོ་བཀོད་དེ། ཐུར་ཁེ་ཡིས་སུའེ་ཏེན་དང་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རྒྱབ་སྐྱོར་བྱེད་འདོད་ཡོད་པ་དང་། སུའེ་ཏེན་དང་ཧྥུན་ལན་གྱིས་ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་། དེ་མིན་ཅུའུ་ལོན་ལས་འགུལ་བཅས་ལ་རྒྱབ་སྐྱོར་མི་བྱེད་པར་ཁས་ལེན་བྱས་པར་མ་ཟད། ཐུར་ཁེ་རུ་རྒྱལ་སྲུང་སྒྲིག་ཆས་ཕྱིར་གཏོང་བྱེད་པའི་ཐད་ཀྱི་ཚོད་འཛིན་མེད་པར་གཏོང་བར་ཡིད་འཐད་བྱུང་བ་རེད།

ལས་རིམ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱིས་ངེས་པར་དུ་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུ་གཅིག་གྱུར་ཡིད་འཐད་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ད་གཟོད་ཁོངས་མི་གསར་བ་བསྡུ་ལེན་བྱས་ཆོག་པ་རེད། མིག་སྔར་ཐུར་ཁེ་དང་ཧང་ག་རི་ཡིས་སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་དངོས་སུ་ཆོག་མཆན་བཀོད་མེད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།