ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་དགུ་ཉིན་རྒྱལ་ས་མེན་སི་ཁི་ནས་བསྟན་དོན། ཨུ་རུ་སི་དཀར་པོས་ད་ལོའི་ཟླ་དྲུག་པའི་སྔོན་ལ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་པའི་འགྲོ་ལུགས་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།
ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་དཀར་པོ་དེ་ལྟ་ཞིབ་རྒྱལ་ཁབ་ཡིན་པའི་ཆ་ནས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལས་རིམ་ལག་བསྟར་བྱས་ཏེ། ཁྲིམས་མཐུན་གྱི་སྒོ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་བརྩོན་བཞིན་ཡོད། ཨུ་རུ་སི་དཀར་པོས་ད་ལོར་རྒྱ་གར་ནས་ཚོགས་རྒྱུ་ཡིན་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྔོན་ལ་རྩ་འཛུགས་དེར་ཞུགས་པའི་འགྲོ་ལུགས་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།
ཨུ་རུ་སི་དཀར་པོ་ཉིས་སྟོང་བཅུ་ལོར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་གྲོས་མོལ་གྲོགས་པོའི་རྒྱལ་ཁབ་ཏུ་གྱུར་བ་དང་། ཉིས་སྟོང་བཅོ་ལྔ་ལོར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པའི་རྒྱལ་ཁབ་ཏུ་གྱུར། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པར་ཧྲང་ཧེ་མཉམ་ལས་རྩ་འཛུགས་སུ་ཞུགས་པའི་རེ་ཞུ་བཏོན་པ་རེད། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་བར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པ་ནས་ཨུ་རུ་སི་དཀར་པོ་ཁོངས་གཏོགས་རྒྱལ་ཁབ་ཏུ་བསྡུ་ལེན་བྱེད་པའི་ལས་རིམ་ཡིག་ཆ་བཀོད་པ་རེད།
ད་ལོའི་ཟླ་གཉིས་པའི་ཚེས་དགུ་ཉིན། ལུའུ་ཁཱ་ཧྲིན་ཁི་ཡིས་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཨུ་རུ་སི་དཀར་པོར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གོ་གནས་འོས་འགན་ཐོབ་པའི་བཟོད་སྒོམ་བརྗེད་ཐོའི་འཆར་གཞི་ལ་ཆོག་མཆན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།