སུའེ་ཏེན་གྲོས་དཔོན་གྱིས་སུའེ་ཏེན་དང་ཀྲུང་གོའི་ཁེ་ལས་ཀྱིས་མུ་མཐུད་དུ་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།
2023.03.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སུའེ་ཏེན་གྱི་གྲོས་དཔོན་ནོའུ་ལོན་གྱིས་ཚེས་བརྒྱད་ཉིན་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་བསྟན་དོན། ཁོས་སུའེ་ཏེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་མུ་མཐུད་དུ་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱས་ཡོད་ཟེར།

ནོའུ་ལོན་གྱིས་ཉིན་དེར་སུའེ་ཏེན་གྱི་གྲོས་ཁང་ཐོག་ཁང་ཆེན་མོ་ནས་སུའེ་ཏེན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚོས་ཨེ་མེན་དང་གྲོས་མོལ་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། སུའེ་ཏེན་མི་དམངས་དག་ཀྲུང་གོར་སྤྲོ་བ་ཆེན་པོ་སྐྱེས་ཡོད་པ་དང་། སུའེ་ཏེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དངུལ་གཏོང་འབྲེལ་བ་ཟབ་པ་དང་། ཕྱོགས་གཉིས་ཀྱི་ཁེ་ལས་ཚང་མར་ཕན་ཚུན་བར་གྱི་མཉམ་ལས་རྒྱ་བསྐྱེད་པའི་རེ་འདུན་ཡོད་པས། དེ་ལས་མི་ཀུན་ལ་སྐུལ་མ་ཐེབས་ཐུབ་ཟེར། ཁོས་ད་རུང་བསྟན་དོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། ཀྲུང་གོའི་སུའེ་ཏེན་དུ་ཡོང་བའི་གནས་སྐོར་བའི་ཁ་གྲངས་སླར་གསོ་འབྱུང་བར་རེ་སྒུག་བྱས་ཡོད་ཟེར།

ཚོས་ཨེ་མེན་གྱིས་ནོའུ་ལོན་ལ་མིག་སྔར་ཚོགས་བཞིན་པའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་འབྲེལ་ཡོད་གནས་ཚུལ་རགས་བསྡུས་མཚམས་སྦྱོར་བྱས། ཁོས་བསྟན་དོན། ཀྲུང་གོ་དང་སུའེ་ཏེན་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་པ་དང་། དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་ཀྱིས་ལྷད་མེད་དཔལ་འབྱོར་གྱི་འཕེལ་རྒྱས་ལ་འབད་འབུངས་བྱེད་པ་དང་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་བྱེད་ལ། མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པར་མ་ཟད་ཁྱད་སྟོབས་ཁ་གསབ་ཀྱི་རང་བཞིན་དྲག་པོ་ལྡན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་གོ་སྐབས་གསར་བ་བསྐྲུན་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཏེན་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཕམ་མཉམ་རྒྱལ་གྱི་སྙིང་སྟོབས་བཅངས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།