མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་གྱིས་ཚེས་བརྒྱད་ཉིན་ཅི་ལུང་ཕའོ་ནས་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་མཱ་ལེ་ཞི་ཡཱའི་དངུལ་གཏོང་གླེང་སྟེགས་སྟེང་གཏམ་བཤད་གལ་ཆེན་སྤེལ་སྐབས་བསྟན་དོན། ཀྲུང་གོ་ནི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་སྒུལ་ཤུགས་ཡིན་པ་དང་། མཱ་ལེ་ཞི་ཡཱའི་དཔལ་འབྱོར་གྲོགས་པོ་གལ་ཆེན་ཀྱང་ཡིན་ཟེར།
ཨན་ཝ་ཨར་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་སྔར་བཞིན་འཕར་ཚད་དལ་བ་དང་དངུལ་ལོར་ཚད་བརྒལ་འགྲེམ་པ་སོགས་ཀྱི་འགྲན་རྩོད་གནས་ཡོད། ཀྲུང་གོ་ནི་གནད་འགག་གི་དཔལ་འབྱོར་གྱི་སྒུལ་ཤུགས་ཡིན་པ་དང་། མཱ་ལེ་ཞི་ཡཱའི་དཔལ་འབྱོར་གྲོགས་པོ་གལ་ཆེན་ཡིན་ཟེར།
མཱ་ལེ་ཞི་ཡཱའི་དངུལ་གཏོང་འཕེལ་རྒྱས་ཅུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། ཀྲུང་གོ་ནི་མཱ་ལེ་ཞི་ཡཱའི་ཆེས་ཆེ་བའི་ཕྱི་དངུལ་གྱི་ཡོང་ཁུངས་ཡིན་པ་དང་། མཱ་ལེ་ཞི་ཡཱ་ཡིས་བསྡོམས་པས་ཕྱི་རྒྱལ་གྱིས་ཐད་ཀར་བཏང་ཚད་མཱ་ལེ་ཞི་ཡཱའི་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་དྲུག་ཐེར་འབུམ་གསུམ་དུང་ཕྱུར་གསུམ་ཡོད་པ་དང་། ཀྲུང་གོའི་དངུལ་གཏོང་འབོར་གྲངས་མཱ་ལེ་ཞི་ཡཱའི་སྒོར་མོ་ཐེར་ཆེན་ལྔ་དང་ཐེར་འབུམ་ལྔ་དུང་ཕྱུར་བཞིར་བསླེབས་ཡོད་ལ། བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་དགུ་ཟིན་ཡོད།
ཀྲུང་གོ་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོ་དང་མཱ་ལེ་ཞི་ཡཱ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་དྲུག་ཡིན་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གསུམ་འཕར་ཡོད་ལ། ཀྲུང་གོ་བསྟུད་མར་ལོ་ངོ་བཅུ་བཞིའི་རིང་མཱ་ལེ་ཞི་ཡཱའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོར་གྱུར་ཡོད་ཟེར།
མཱ་ལེ་ཞི་ཡཱའི་དངུལ་གཏོང་ཞེས་པ་ནི་མཱ་ལེ་ཞི་ཡཱའི་ལོ་ཧྲིལ་བོའི་དཔལ་འབྱོར་གླེང་སྟེགས་གལ་ཆེན་ཞིག་ཡིན་པ་རེད། ཨན་ཝ་ཨར་གྱིས་གླེང་སྟེགས་སྟེང་ནན་གྱིས་བསྟན་དོན། མཱ་ལེ་ཞི་ཡཱ་ཡིས་སྒོ་འབྱེད་ཀྱི་དཔལ་འབྱོར་སྲིད་ཇུས་སྲུང་འཛིན་བྱས་ཏེ་འགྱུར་ལྡོག་གསར་བར་འཚམ་པར་བྱེད་པ་དང་། གོ་སྐབས་གསར་བ་དམ་འཛིན་བྱས་ནས། དཔལ་འབྱོར་གྱི་བཟོད་སྒོམ་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།