མཱ་ཏཱ་ཀ་སི་ཁཱའི་དཔོན་རིགས་ཀྱིས་ཀྲུང་གོས་མཱ་ཏཱ་ཀ་སི་ཁཱའི་འཕྲོད་བསྟེན་ལས་དོན་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས།
2023.03.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ3པའི་ཚེས9ཉིན།མཱ་ཏཱ་ཀ་སི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོས་མཱ་ཏཱ་ཀ་སི་ཁཱར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཐེངས་ཉེར་གཉིས་པར་སྐྱེལ་མ་བྱེད་པ་དང་སྐོར་ཐེངས་ཉེར་གསུམ་པར་བསུ་བ་བྱེད་པའི་སྣེ་ལེན་ཚོགས་འདུ་བསྡུས། སྣེ་ལེན་ཚོགས་འདུར་ཞུགས་པའི་མཱ་ཏཱ་ཀ་སི་ཁཱའི་སྤྱི་བའི་འཕྲོད་བསྟེན་པུའུ་ཡི་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཨན་ཏི་ལོས་ཨ་མཱ་ནན་ཐི་ནཱ་ཡིས་ཀྲུང་གོས་ནམ་རྒྱུན་མཱ་ཏཱ་ཀ་སི་ཁཱའི་འཕྲོད་བསྟེན་ལས་རིགས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས།

ཨན་ཏི་ལོས་ཨ་མཱ་ནན་ཐི་ནཱ་ཡིས་བཤད་རྒྱུར། ཀྲུང་གོས་རྒྱུན་པར་མཱ་ཏཱ་ཀ་སི་ཁའི་སྨན་བཅོས་འཕྲོད་བསྟེན་མ་ལག་ལེགས་བཅོས་བྱེད་པ་དང་། སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱེད་པར་རོགས་རམ་བྱས་ཡོད་ལ། ཀྲུང་གོའི་རོགས་རམ་འོག མཱ་ཏཱ་ཀ་སི་ཁཱ་དང་ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་མང་བོ་བདེ་བླག་ངང་ལག་བསྟར་བྱས་ཏེ། མཱ་ཏཱ་ཀ་སི་ཁཱའི་སྲིད་གཞུང་གིས་དམངས་ཡོངས་ཀྱི་བདེ་ཐང་ཐད་ཀྱི་དམ་བཅའ་ལག་བསྟར་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར།

མཱ་ཏཱ་ཀ་སི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་གཞུང་ཚབ་པ་ཚབ་མ་ཧའོ་ཝེ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོས་ཕྱི་རྒྱལ་དུ་སྨན་བཅོས་རུ་ཁག་མངག་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་ཡིན་ཞིང་། ཀྲུང་གོའི་མི་དམངས་ཞི་བདེ་ལ་དགའ་ཞེན་ཆེ་བ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་ལ། ཕྱི་རྒྱལ་དུ་སྨན་བཅོས་རུ་ཁག་མངག་པ་ལས་དེ་གཟུགས་ཅན་བཞིན་དུ་མཚོན་ཡོད་ཟེར།

མཱ་ཏཱ་ཀ་སི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མུ་མཐུད་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག མཱ་ཏཱ་ཀ་སི་ཁཱའི་སྤྱི་བའི་འཕྲོད་བསྟེན་པུའུ་སོགས་བར་གྱི་མཉམ་ལས་གྲོགས་པོའི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཀྲུང་གོ་དང་མཱ་ཏཱ་ཀ་སི་ཁཱའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་མྱུར་མོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། སྐོར་ཐེངས་ཉེར་གཉིས་པའི་མཱ་ཏཱ་ཀ་སི་ཁཱ་རུ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་གཙོ་ལིས་སུའུ་མཱེ་ཡིས་བསྟན་དོན། མཱ་ཏཱ་ཀ་སི་ཁཱ་རུ་བྱ་བྱེད་པའི་སྐབས་སུ། སྨན་བཅོས་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་ནུས་པ་གང་ཡོད་བཏོན་ནས། ཀྲུང་གོ་དང་མཱ་ཏཱ་ཀ་སི་ཁཱའི་སྨན་བཅོས་མཉམ་ལས་ཐད་བྱས་རྗེས་འཇོག་ཅི་ཐུབ་བྱས་ཡོད་ཟེར། སྐོར་ཐེངས་ཉེར་གསུམ་པའི་མཱ་ཏཱ་ཀ་སི་ཁཱ་རུ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་གཙོ་ལིའུ་ཏུང་ཡུན་གྱིས་བསྟན་དོན། མུ་མཐུད་དུ་དཀའ་ཁག་ལ་མི་འཛེམ་པ་དང་གཏོང་ཕོད་ཆེ་བ། ཉེན་སྐྱོབ་རྨས་གསོ། བརྩེ་བ་ཆེན་པོ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པི་སྨན་བཅོས་བྱ་བ་བཟང་བོར་སྤེལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།