ཟླ3པའི་ཚེས10ཉིན།ཚོགས་ཡུན་ཉིན་གཅིག་ཡིན་པའི་ཧྥ་རན་སི་དང་དབྱིན་ཇིའི་མགོ་གཙོའི་གྲོས་ཚོགས་ཧྥ་རན་སིའི་ཕཱ་རེ་སི་ནས་ཚོགས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་ཆམ་ཕབ་གཏོང་བ་དང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད།
གྲོས་ཚོགས་ནས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་ཅིག་བཀོད་དེ། དབྱིན་ཇི་ཡིས་མ་འོངས་པའི་ལོ་ངོ་གསུམ་ནང་ཧྥ་རན་སིའི་མ་དངུལ་གྱི་རྒྱབ་སྐྱོར་ལྡབ་གཅིག་ཡན་འཕར་སྣོན་བྱས་ཏེ། ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ཧྥ་རན་སི་ནས་དབྱིན་ཅི་ལེ་མཚོ་འགག་བརྒྱུད་དེ་དབྱིན་ཇི་རུ་ལྐོག་འགྲོས་བྱེད་པར་སྔོན་འགོག་བྱེད་རྒྱུ་རེད།
མཱ་ཁི་ལུང་དང་སུའུ་ནཱ་ཁི་གཉིས་ཀྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཧྥ་རན་སིའི་བྱང་ཕྱོགས་ས་ཁུལ་དུ་བཀག་སྐྱིལ་ལྟེ་གནས་ཤིག་དང་བཀོད་འདོམ་ལྟེ་གནས་ཤིག་གསར་དུ་འཛུགས་པ་དང་། ཉེན་རྟོག་པ་མང་བོ་བཀོད་སྒྲིག་བྱས་ཏེ་ཧྥ་རན་སིའི་མཚོ་ཁུགས་ནས་སྐོར་གཡེང་བྱེད་དུ་འཇུག་རྒྱུ་མ་ཟད། མི་བསྡད་མེད་པའི་གནམ་གྲུ་དང་ལྟ་རྟོག་ལག་རྩལ་མང་དུ་བེད་སྤྱོད་བྱས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་བཀག་འགོག་གི་ཚད་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། ཐེངས་འདིའི་མགོ་གཙོའི་གྲོས་ཚོགས་ནས་ད་རུང་རྒྱལ་ཁབ་གཉིས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན། བདེ་འཇགས་དང་ནུས་ཁུངས་སོགས་ཐད་ཀྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཁོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྣམ་པ་གསར་བ་འབྱུང་བར་རེ་སྒུག་བྱས་ཡོད་ཟེར།
ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་བའི་རྗེས་སུ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་སོང་བ་དང་། དབྱིན་ཇི་དང་ཨ་མེ་རི་ཁ། ཨོ་སི་ཁྲུ་ལི་ཡཱ་བཅས་ཀྱིས་ཕྱོགས་གསུམ་བདེ་འཇགས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་སོགས་ཀྱི་གནད་དོན་ཐད་ནས་ཧྥ་རན་སི་དང་དབྱིན་ཇིའི་བར་གྱི་འགལ་བ་ཇེ་ཟབ་ཏུ་བཏང་ཡོད་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།