ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་བཅས་ཕྱོགས་གསུམ་གྱི་མཉམ་འབྲེལ་གསལ་སྒྲོག
2023.03.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ3པའི་ཚེས10ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་བཅས་ཕྱོགས་གསུམ་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུང་གོས་སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ་དང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ། ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གྲོས་གཞི་གལ་ཆེན་དང་ལེན་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོས་སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་སྤེལ་བར་སྒྲུབ་འགན་ཁུར་ནས་རྒྱབ་སྐྱོར་བྱེད་པའི་ཐད་ནས་བཀོད་པའི་ཐུན་མོང་ལྟ་ཚུལ་ལྟར། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་སྤུན་ཟླའི་འབྲེ་བའི་སྒྲོམ་གཞིའི་འོག་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འགལ་བ་ཐག་གཅོད་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་དམིགས་ཡུལ། དེ་མིན་རྒྱལ་སྤྱིའི་སྒྲིག་ཡིག་དང་རྒྱུན་སྲོལ་བརྩི་སྲུང་བྱས་ཏེ། སོ་ཏི་ཨ་རབ་ཀྱི་རྒྱལ་སྲིད་བློན་ཆེན། སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི། རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་མུའུ་སཱ་དབྱེ་ཏི་པིན་མུའུ་ཧན་མའོ་ཏི་ཨེ་པན་དང་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཨ་ལི་ཧྲ་མུའུ་ཧཱ་ནེ་གཉིས་ཀྱིས་སོ་སོར་སོ་ཏི་ཨ་རབ་དང་དབྱི་ལིང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ། 2023ལོའི་ཟླ3པའི་ཚེས6ཉིན་ནས་ཚེས10ཉིན་བར་པེ་ཅིང་ནས་གྲོས་མོལ་བྱས།

སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་དབྱི་རག་སྤྱི་མཐུན་རྒྱལ་ཁབ་དང་ཨ་མན་རྒྱལ་ཁབ་གཉིས་ཀྱིས་2021ལོ་ནས2022ལོའི་བར་སྐོར་ཐེངས་མང་བོའི་གྲོས་མོལ་སྤེལ་བར་གཟེངས་བསྟོད་དང་བཀའ་དྲིན་ཞུས། ཕྱོགས་གཉིས་ཀྱིས་ཀྲུང་གོའི་མགོ་ཁྲིད་པ་དང་སྲིད་གཞུང་གིས་ཐེངས་འདིའི་གྲོས་མོལ་གྱི་སྒྲུབ་འགན་ཁུར་བ་དང་རྒྱབ་སྐྱོར་བྱས་ནས་དེ་ལེགས་འགྲུབ་འབྱུང་བར་སྐུལ་འདེད་བཏང་བ་ལ་གཟེངས་བསྟོད་དང་བཀའ་དྲིན་ཞུས། རྒྱལ་ཁབ་གསུམ་གྱིས་ཁྱབ་བསྒྲགས་བྱས་དོན། སོ་ཏི་ཨ་རབ་དང་དབྱི་ལིང་གིས་གྲོས་མཐུན་ཅིག་བཀོད་དེ། ཕྱོགས་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བ་དང་། ཆེས་འགོར་ན་ཟླ་ངོ་གཉིས་ནང་ཕྱོགས་གཉིས་ཀྱི་གཞུང་ཚབ་ཁང་དང་འཐུས་མིའི་ལས་ཁུངས་བསྐྱར་འཛུགས་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་སོ་སོའི་བདག་དབང་ལ་བརྩི་འཇོག་བྱས་ཏེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་སྤེལ་ནས། གོང་གི་བྱ་བ་དེ་མགོ་རྩོམ་པ་དང་ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་གཏོང་བྱེད་རྒྱུ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པར་གྲོས་བསྡུར་བྱེད་རྒྱུར་ཡིད་འཐད་བྱུང་།

ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་2001ལོའི་ཟླ4བའི་ཚེས17ཉིན་བཀོད་པའི་བདེ་འཇགས་མཉམ་ལས་གྲོས་མཐུན་དང་1998ལོའི་ཟླ5བའི་ཚེས27ཉིན་བཀོད་པའི་དཔལ་འབྱོར་དང་ཉོ་ཚོང་། དངུལ་གཏོང་། ལག་རྩལ། ཚན་རིག རིག་གནས། ལུས་རྩལ། ན་གཞོན་བཅས་ཁྱབ་ཁོངས་ཀྱི་སྤྱིའི་གྲོས་མཐུན་ལག་བསྟར་གང་ལེགས་བྱེད་པར་ཡིད་འཐད་བྱུང་། རྒྱལ་ཁབ་གསུམ་གྱིས་ནུས་པ་གང་ཡོད་བཏོན་ནས་རྒྱལ་སྤྱིའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐད་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན། གསལ་སྒྲོག་འདི་2023ལོའི་ཟླ3པའི་ཚེས10ཉིན་པེ་ཅིང་ནས་སྤེལ་བ་རེད།

གསལ་སྒྲོག་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱེ་དང་། སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ་ཀྱི་འཐུས་མི། རྒྱལ་སྲིད་བློན་ཆེན། སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི། རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་མུའུ་སཱ་དབྱེ་ཏི་པིན་མུའུ་ཧན་མའོ་ཏི་ཨེ་པན་དང་། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི། ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཨ་ལི་ཧྲ་མུའུ་ཧཱ་ནེ་བཅས་ཀྱིས་མཉམ་དུ་བཀོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།