ཕྱི་རྒྱལ་གྱི་མགོ་ཁྲིད་པས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
2023.03.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ནས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས། རྒྱལ་ཁབ་རེ་འགའི་མགོ་ཁྲིད་པས་དུས་ཐོག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་སྟེ། སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཁམ་ཕུ་ཀྲེ་ཡི་རྒྱལ་བོ་ཞི་ཧཱ་མའོ་ནེ་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། ཁྱེད་ཀྱི་དཔའ་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོས་མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། པྲོག་གསར་རིམས་ནད་བདེ་བླག་ངང་འགོག་བཅོས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། ཁྱེད་ཀྱི་མིག་རྒྱང་རིང་བོ་དང་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་དུས་ལྟར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ་ངེས་རེད། ཁྱེད་ཉིད་ཀྱིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྔར་ལས་འོད་སྟོང་འབར་བའི་སང་ཉིན་ལ་བགྲོད་པའི་སྨོན་འདུན་ཞུས་པ་ཡིན།

དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐཱ་ལོས་ལཱ་ཡིས་བསྟན་དོན། ཁྱེད་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། དབྱི་ཐཱ་ལེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འགྲོ་འོང་ཟབ་མོ་ལྡན་པ་དང་། མི་དམངས་བར་གྱི་མཛའ་བརྩེ་སྲ་བརྟན་ཡིན་ལ། གཉིས་ཕན་མཉམ་ལས་དང་གྲོས་མོལ་གཏིང་ཟབ་ཏུ་སྤེལ་བའི་ཐུན་མོང་གི་རེ་འདུན་མངོན་པར་བྱས་ཡོད། ཕྱོགས་གཉིས་ཀྱིས་མིག་སྔའི་གོ་སྐབས་དམ་འཛིན་བྱས་ཏེ། དབྱི་ཐཱ་ལེ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་ལས་ཁྱེད་ཉིད་ཀྱིས་བློ་བརྟན་འགྱུར་མེད་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་གོ་གནས་དང་ནུས་པ། མཚན་སྙན་བཅས་མཐོར་འདེགས་བྱེད་པའི་ཐད་བྱས་རྗེས་ཕུལ་དུ་བྱུང་བ་བཞག་ཡོད་པ་བདེན་དཔང་བྱེད་ཐུབ། ཁྱེད་ཉིད་ཀྱི་དཀའ་སྤྱད་དང་བློ་གྲོས། མིག་རྒྱང་རིང་བའི་མགོ་ཁྲིད་འོག ཀྲུང་གོས་ཁྱབ་ཁོངས་སོ་སོ་ནས་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། བདག་གིས་ཁྱེད་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་སེར་ཝེ་ཡཱ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འགྱུར་བ་མེད་པའི་མཛའ་བརྩེ་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཨ་ཀིན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ཡིས་བསྟན་དོན། ཁྱེད་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། ཀྲུང་གོས་ཁྱེད་ཉིད་ཀྱི་འགན་ཡུན་མགོ་ཁྲིད་འོག་མུ་མཐུད་དུ་མདུན་སྐྱོད་བྱེད་པ་དང་། རྒྱལ་ཁབ་ཀྱི་དར་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པའི་སྨོན་འདུན་ཞུས་པ་ཡིན་ཟེར།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེ་བའི་གཙོ་འཛིན་ཞིག་དང་། ཝེ་ནེ་ཙུའེ་ལཱ་མི་དམངས་ཀྱི་གྲོགས་པོ་ཡིན། ཝེ་ནེ་ཙུའེ་ལཱ་ཡིས་ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བའི་བགྲོད་ལམ་སྟེང་ལག་རྡང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད་ཟེར།

ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུས་པ་ནི་ཀྲུང་གོའི་དོན་ཆེན་དང་འཕྲིན་བཟང་ཞིག་ཡིན་པར་མ་ཟད། ཨ་ཧྥེ་རི་ཁ་དབུས་མའི་མི་དམངས་ཀྱི་དོན་ཆེན་དང་འཕྲིན་བཟང་ཞིག་ཀྱང་ཡིན། ཁྱེད་ཀྱིས་བསྟུད་འགན་ཁུར་བར་ཀྲུང་གོའི་མི་དམངས་ཀྱིས་རེ་སྒུག་བྱེད་བཞིན་ཡོད་པར་མ་ཟད། ང་དང་ཨ་ཧྥེ་རི་ཁ་དབུས་མའི་མི་དམངས་ཀྱིས་ཀྱང་རེ་སྒུག་བྱེད་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ལ་གཞོལ་བའི་མི་དམངས་ཀུན་གྱི་རེ་སྨོན་ཡིན། ཁྱེད་ཉིད་ཀྱི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བཞུད་ལམ་སགར་བའི་ཁྲོད་གཅིག་ལས་གཅིག་ལྷག་གི་རླབས་ཆེན་རྒྱལ་ཁ་ལེན་ཐུབ་པ་ཁོ་ཐག་ཡིན་ཟེར།

ཁི་མའོ་ལོ་ཡི་ཙུང་ཐུང་ཨ་ཀྲ་ལེ་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་བ་ལས། ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཉིད་ཀྱིས་རྒྱལ་ཁབ་ལ་མགོ་ཁྲིད་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་བདེན་དཔང་བྱེད་ཐུབ། ཁྱེད་ཉིད་ཀྱི་འགན་ཡུན་གསར་བའི་ནང་ཀྲུང་གོའི་མི་དམངས་ལ་སྔར་ལས་ཆེ་བའི་འཕེལ་རྒྱས་དང་གོང་འཕེལ། དར་རྒྱས་བཅས་འབྱུང་བར་སྙིང་ཐག་པ་ནས་སྨོན་འདུན་ཞུས་པ་ཡིན། ཀྲུང་གོས་སྔར་ལས་སྟོབས་དང་ལྡན་པའི་ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཡོངས་དང་ཁྱད་པར་དུ་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས། གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་མགོ་ཁྲིད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རེ་སྒུག་བྱས་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པའི་སྐབས་འདིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་ཆོད་དོན་དེ་ལས། ཁྱེད་ཉིད་རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་པའི་ཆ་ནས་དབང་གྲགས་ཆེན་པོ་ཡོད་པ་དང་། ཁྱེད་ཉིད་ཀྱིས་གཏན་འབེབས་བྱས་པའི་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་རྒྱལ་སྤྱིའི་གར་སྟེགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཕྱོགས་ལ་ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད་པ་མཚོན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཁྱེད་ཉིད་ཀྱིས་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་པའི་ཐད་བཞག་པའི་བྱས་རྗེས་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ན་ཨུ་རུ་སི་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོ་ནས་མུ་མཐུད་དུ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། བདག་གིས་མུ་མཐུད་དུ་ཁྱེད་ཉིད་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་འབྲེལ་འདྲིས་དང་རོགས་ལས་ཟབ་མོ་བྱེད་འདོད་ཡོད་ལ། ཁྱེད་ཉིད་ཀྱིས་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བྱ་གཞག་ཁྲོད་ནས་སྔར་ལས་ཆེ་བའི་གྲུབ་འབྲས་ལེན་པར་སྙིང་ཐག་པ་ནས་སྨོན་འདུན་ཞུས་པ་ཡིན་ཟེར།

ཅིན་ཀྲིན་ཨིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིས་ཡང་བསྐྱར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་འགན་ཁུར་བ་ལས་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཁྱེད་ཉིད་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཆེན་པོ་བྱེད་པ་མཚོན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་བསྡུས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་སྐུལ་འདེད་ཆེན་པོ་བཏང་ཡོད། ཁྲའོ་ཞན་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་རྩོད་ཁྲོད་ནས་གྲུབ་འབྲས་ཆེན་པོ་བླངས་པར་དགའ་སྤྲོ་སྐྱེས་ཡོད། ཁྲའོ་ཞན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་འདུན་དང་དུས་རབས་གསར་བའི་རེ་བ་ལྟར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཐུང་ལོན་གྱིས་བསྟན་དོན། ཁྱེད་ཉིད་ཀྱིས་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་པ་དང་འཐབ་ཇུས་པའི་ཆབ་སྲིད་བློ་གརོས་དང་བློ་སྤོབས་ཀྱིས་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་ཞུགས་ནས་འོད་སྟོང་འབར་བའི་གྲུབ་འབྲས་བླངས་ཡོད། ཁྱེད་ཉིད་ལ་འདེམ་ཤོག་ཚང་མ་ཐོབ་ནས་བདམས་ཐོན་བྱུང་བ་ལས་ཀྲུང་གོའི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྙིང་ཐག་པ་ནས་གོང་བཀུར་དང་ཡིད་ཆེས་བྱེད་པ་མཚོན་ཡོད། ཁྱེད་ཉིད་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གྲུབ་འབྲས་གསར་བ་ལོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་འཕེལ་རྒྱས་བྱུང་སྟེ། དུས་ལྟར་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། དུས་ཡུན་རིང་བོའི་གཏན་འཇགས་ཀྱི་ལའོ་ཝའོ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དང་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པའི་སྨོན་འདུན་སྙིང་ནས་ཞུས་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།