ཐུར་ཁེ་ཡིས་སྔ་སྣུར་གྱིས་འདེམ་བསྐོ་ཆེན་མོའི་འབྲེལ་ཡོད་ལས་རིམ་དངོས་སུ་མགོ་བརྩམས།
2023.03.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ3པའི་ཚེས10ཉིན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཨན་ཁཱ་ལཱ་ནས་གཏམ་བཤད་སྤེལ།

ཟླ3པའི་ཚེས10ཉིན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཨན་ཁཱ་ལཱ་ནས་གཏམ་བཤད་སྤེལ།

ཐུར་ཁེ་ཡིས་ཚེས11ཉིན་སྔ་སྣུར་གྱིས་འདེམ་བསྐོ་ཆེན་མོའི་འབྲེལ་ཡོད་ལས་རིམ་དངོས་སུ་མགོ་བརྩམས།

དེའི་སྔོན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཐུར་ཁེ་ཡིས་ཟླ5བའི་ཚེས14ཉིན་སྔ་སྣུར་གྱིས་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

ཨེ་ཨར་ཏའོ་ཨན་གྱིས་ཚེས10ཉིན་ཙུང་ཐུང་གི་བཀའ་རྒྱ་བཀོད་རྗེས་གཏམ་བཤད་སྤེལ་ཏེ། ང་ཚོའི་རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་དྲུག་པ་ལྟར། བདག་གིས་ཟླ6པའི་ཚེས18ཉིན་སྤེལ་བར་ཐག་བཅད་ཡོད་པའི་འདེམ་བསྐོའི་བྱ་འགུལ་དེ་ཟླ5བའི་ཚེས14ཉིན་སྤེལ་བར་ཡང་བསྐྱར་ཐག་གཅོད་བྱས་ཡོད་ཟེར།

དངོས་གཞིའི་ལས་རིམ་ལྟར། ཐུར་ཁེ་ཡིས་ཚེས11ཉིན་འདེམ་བསྐོའི་དུས་ཚོད་བསྒྱུར་རྗེས་ཀྱི་འབྲེལ་ཡོད་ལས་རིམ་མགོ་བརྩམས་པ་རེད། དེ་ལས་གཞན་ཐུར་ཁེའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམ་བསྐོའི་ཉིན་རིམ་གསར་བ་གཏན་འཁེལ་བྱས་རྗེས་བྱེ་བྲག་གི་ཉིན་རིམ་ཁྱབ་བསྒྲགས་བྱེད་རྒྱུ་རེད།

སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་བའི་རྒྱུ་མཚན་གླེང་སྐབས་ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། སྔར་གཏན་འཁེལ་བྱས་པའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་དུས་ཚོད་དེ་ཏག་ཏག་སློབ་ཆེན་གྱི་རྒྱུགས་ལེན་དུས་ཚོད་ལ་འཁེལ་ཡོད་པ་དང་། དེའི་མི་ཚད་ཐུར་ཁེ་བས་ལྷག་ཏུ་མཐོང་ཆེན་བྱེད་པའི་གནས་མཇལ་གྱི་དུས་ཚོད་ལ་འཁེལ་ཡོད། དེ་ལས་གཞན་གལ་ཏེ་སྔོན་གཏན་འཁེལ་བྱས་པའི་དུས་ཚོད་ལྟར་འདེམ་བསྐོའི་བྱ་འགུལ་སྤེལ་ན། སློབ་གྲྭ་མི་ཉུང་བ་ཞིག་གིས་གནང་བ་སྟེར་དགོས་པ་དང་། ཐུར་ཁེའི་མི་མང་བོ་ཞིག་སྐབས་ཐོག་དེར་ཕྱིར་ཕ་ཡུལ་དུ་ལོག་པའམ་ཡང་ན་གནས་སྐོར་དུ་འགྲོ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།