མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སི་རི་ཡཱའི་ཆེད་དུ་ནང་འཁྲུག་གནད་དོན་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.03.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ3པའི་ཚེས11ཉིན། ཉིས་སྟོང་བཅུ་གཅིག་ལོ་ནས་མགོ་བརྩམས་པའི་སི་རི་ཡཱའི་ཉམས་ཉེན་བྱུང་ནས་ལོ་ངོ་བཅུ་གསུམ་འགོར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཅིག་གྱུར་འགུལ་སྐྱོད་སྤེལ་ནས་མཉམ་དུ་སི་རི་ཡཱའི་ནང་འཁྲུག་དེ་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འདས་པའི་ལོ་ངོ་བཅུ་གཉིས་ནང། སི་རི་ཡཱའི་མི་དམངས་དག་གིས་འཛད་མཐའ་མེད་པའི་འཁྲུག་རྩོད་དང་མ་ལག་རང་བཞིན་ལྡན་པའི་དྲག་སྤྱོད། ངག་ནས་བརྗོད་ཐབས་བྲལ་བའི་མིའི་རིགས་ཀྱི་སྐྱོ་སྡུག་བཅས་མྱངས་ཡོད།

ང་ཚོས་ད་ལྟ་ངེས་པར་དུ་གཅིག་གྱུར་འགུལ་སྐྱོད་སྤེལ་ཏེ། སི་རི་ཡཱའི་རྒྱལ་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པར་འགན་སྲུང་དང་། སི་རི་ཡཱའི་མི་དམངས་ཀྱི་ལུགས་མཐུན་རེ་འདོད་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། ཡུལ་གྱར་བའི་བདེ་འཇགས་དང་ལ་རྒྱ་ཡོད་པའི་སྒོ་ནས་རང་མོས་ལྟར་རང་ཡུལ་དུ་ལོག་པར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་བདག་དབང་དང་རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ། དེ་མིན་ས་ཁོངས་ཀྱི་གཏན་འཇགས་བཅས་ཐད་ཀྱི་དམ་བཅའ་བསྐྱར་སྒྲོག་བྱས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སི་རི་ཡཱ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཐུར་ཁེ་ལ་ཟླ་སྔོན་མར་ས་ཡོམ་བྱུང་བས། རྒྱལ་ཁབ་དེའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་དེ་འཐབ་འཁྲུག་བྱུང་བའི་ཚུན་གྱི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབས་ཡོད། ས་ཡོམ་ནས་མ་གཞི་ནས་འཐབ་འཁྲུག་དང་འགྲོ་སའི་ཁྱིམ་མེད་པའི་དཀའ་སྡུག་མྱོང་བཞིན་པའི་མང་ཚོགས་ལ་དཀའ་སྡུག་ལྷག་ཏུ་ཆེན་པོ་བཟོས་ཡོད། སི་རི་ཡཱའི་ནུབ་བྱང་ས་ཁུལ་དུ་གྱོང་གུད་ཐེབས་པ་ཆེས་ཚབས་ཆེན་ཡིན་ལ། མི་ས་ཡ་བཞི་ལྷག་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བརྟེན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འདས་པོར་མྱ་ངན་ཞུ་བ་དང་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་རྒྱ་བསྐྱེད་པའི་ཞོར་དུ། ངེས་པར་དུ་བྱེད་ཐབས་གང་རུང་སྤྱོད་པ་དང་ཐོན་ཁུངས་འདང་ཚིམས་པ་བེད་སྤྱོད་བྱས་ནས། གནོད་ཐེབས་མང་ཚོགས་ཚང་མའི་དགོས་མཁོ་བསྐང་བར་འགན་སྲུང་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་སི་རི་ཡཱའི་ཕྱོགས་ཁག་སོ་སོ་དང་རྒྱལ་སྤྱིའི་འབྲེལ་ཡོད་ཁེ་ཕན་ཕྱོགས་ཁག་གཙོ་བོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་ཁེབས་པའི་གནད་དོན་གལ་ཆེན་ཐད་ནས་ཞིབ་བཤེར་བྱས་ཆོག་པའི་འདྲ་མཉམ་གྱི་བྱེད་ཐབས་སྤྱད་ན། རྒྱུན་མཐུད་ཞི་བདེའི་ལམ་དུ་བགྲོད་ཐུབ་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།