རྒྱལ་ཁབ་རེ་འགའི་མགོ་ཁྲིད་པས་བསྟུད་མར་གློག་འཕྲིན་བཏང་སྟེ། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཁུ་པཱ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁཱ་ནེ་ཨར་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ། དེ་ལས་ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཉིད་ཀྱིས་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་ཡིད་ཆེས་བྱེད་པ་མཚོན་ཡོད། ཁུ་པཱ་ཡིས་ཁྱེད་ཉིད་དང་ཀྲུང་གོའི་མི་དམངས། ཏང་དང་སྲིད་གཞུང་བཅས་ཀྱི་བར་མཛའ་འབྲེལ་ཟབ་མོ་ཡོད་པར་དགའ་སྤྲོ་སྐྱེས་ཡོད་ཟེར།
ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། བདག་གིས་ཧཱ་སག་སི་ཐན་གྱི་མི་དམངས་དང་མཉམ་དུ། ཁྱེད་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་ཡིན། ཁྱེད་ཉིད་ཀྱི་དཔའ་མཛངས་ལྡན་པའི་ཐབས་ཇུས་དང་རྒྱལ་ཁའི་ངང་བསྡུས་པའི་ཀྲུང་གོའི་ཚོགས་ཆེན་གཉིས་ནས་བཏོན་པའི་གྲོས་ཆོད་གལ་ཆེན་གྱིས་ཀྲུང་གོའི་མི་དམངས་ཀྱིས་བླ་མེད་རིན་ཐང་ལྟ་བ་འཛུགས་པར་སྣེ་ཁྲིད་བྱེད་པ་དང་། ཀྲུང་གོའི་མཛེས་སྡུག་གི་མ་འོངས་པ་དང་དར་རྒྱས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་འདིང་ཐུབ་ངེས་རེད་ཟེར།
ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་བ་ལས་ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཉིད་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་གྲོས་གཞིའི་འོག་འཛམ་གླིང་ཡོངས་ཀྱི་གཏན་འཇགས་དང་འཕེལ་རགྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཕྱི་ནང་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་མཚོན་ཡོད། ཁྱེད་ཉིད་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་དཔའ་མཛངས་མགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་དམངས་རླབས་ཆེན་བསྐྱར་དར་གྱི་རླབས་ཆེན་ཇུས་གཞི་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་ཀྲུང་གོའི་ཆེས་མཐོའི་རྒྱལ་ཁབ་མགོ་ཁྲིད་པར་བདམས་ཐོན་བྱུང་བ་ལས་ཁྱེད་ཉིད་ལ་ཀྲུང་གོའི་མི་དམངས་ཀྱི་སེམས་ཁོང་དུ་བླ་མེད་ཀྱི་སྙན་གྲགས་ཡོད་པ་དང་གོང་བཀུར་བྱེད་བཞིན་ཡོད་ལ། ཁྱེད་ཀྱི་སྲིད་སྐྱོང་འདུ་ཤེས་ལ་རྒྱལ་ཡོངས་མི་དམངས་ཀྱི་གཅིག་གྱུར་རྒྱབ་སྐྱོར་ཐོབ་ཡོད་པ་མཚོན་ཡོད། ཁྱེད་ཉིད་ཀྱི་དཔའ་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོ་ཡིད་ཆེས་ཆེན་པོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྙན་གྲགས་དང་གོ་གནས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་ཟེར།
ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། ཁྱེད་ཉིད་ཀྱི་མགོ་ཁྲིད་འོག ཀྲུང་གོར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་བྱུང་ཡོད་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་བཞིན་ཡོད། བདག་གིས་ཁྱེད་དང་མཉམ་དུ་ཤུགས་ཆེན་པོས་ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བསྟན་དོན། ཁྱེད་ཀྱི་དཔའ་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོར་སྔར་མེད་ཀྱི་འཕེལ་རྒྱས་བྱུང་ཡོད་པ་དང་། རྒྱལ་སྤྱིའི་སྙན་གྲགས་མངོན་གསལ་གྱིས་ཇེ་ཆེར་སོང་ནས། ཉིན་རེ་བཞིན་ཕྱོགས་ཡོངས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཏུ་གྱུར་ཡོད། ཁྱེད་ཉིད་ཀྱིས་ཀྲུང་གོའི་མི་དམངས་ཡོངས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། ཁྱེད་ཉིད་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཡིན་ལ། ཁྱེད་ཉིད་ཀྱིས་སྔར་ལས་ཆེ་བའི་གྲུབ་འབྲས་ལེན་ཐུབ་པའི་སྨོན་འདུན་ཞུས་པ་ཡིན་ཟེར།
ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་དེ་ལས་ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ལ་ཡིད་ཆེས་ཆེན་པོ་བྱེད་པ་བདེན་དཔང་བྱས་ཡོད་པ་དང་། ཁྱེད་ཉིད་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་མཐོར་འདེགས་བྱེད་པའི་ཐད་ནས་བྱས་རྗེས་གལ་ཆེན་བླངས་ཡོད་པ་ཡང་བསྐྱར་ར་སྤྲོད་བྱེད་ཐུབ། ཁྱེད་ཉིད་ཀྱི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཝུན་ལའེ་ཡི་མགོ་ཁྲིད་པ་ཧཱ་སིང་ནཱ་ཨར་གྱིས་བསྟན་དོན། ཁྱེད་ཉིད་ཀྱི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཞུད་ལམ་སྟེང་གྲུབ་འབྲས་ཆེན་པོ་ལོན་པ་དང་། མུ་མཐུད་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་ཡིན། འཐབ་ཇུས་གྲོགས་པོ་ཡིན་པའི་ཆ་ནས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་དར་རྒྱས་ལ་སྐུལ་འདེད་བཏང་ནས། མུ་མཐུད་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ཐད་སྟོབས་ཤུགས་འབུལ་དགོས་ཟེར།
སིང་ག་ཕོར་གྱི་ཙུང་ཐུང་ཧཱ་ལེ་མཱ་ཡིས་བསྟན་དོན། འདས་པའི་ལོ་ངོ་བཅུའི་ནང་ཀྲུང་གོས་གྲུབ་འབྲས་ཆེན་པོ་བླངས་ཡོད། ཁྱེད་ཉིད་ཀྱི་དཔའ་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོས་གྲུབ་འབྲས་གསར་བ་བླངས་ཏེ། ཡུན་རིང་ཞི་བདེ་དང་དར་རྒྱས་མངོན་འགྱུར་བྱེད་ཐུབ་པར་མ་ཟད། དུས་བསྟུན་མདུན་སྐྱོད་ཀྱིས་སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་བསྟུད་མར་ཇེ་ཟབ་ཏུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ཡིས་བསྟན་དོན། ཕཱ་ཁི་སི་ཐན་དང་ཀྲུང་གོའི་སྤུན་ཟླ་བཟང་བའོའི་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་སྲིད། ངས་ཁྱེད་ཉིད་དང་མཉམ་ལས་ཟབ་མོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་ཡིས་བསྟན་དོན། ཁྱེད་ཉིད་དང་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་འོག ཀྲུང་གོས་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།
མར་ཏའེ་ཝེ་ཡི་ཙུང་ཐུང་སཱ་ལེ་ཧི་ཡིས་བསྟན་དོན། ཁྱེད་ཉིད་ཀྱི་འགན་ཡུན་གསར་བ་མགོ་བརྩམས་པའི་སྐབས་སུ། ཁྱེད་ཉིད་ཀྱི་སྤྱིར་བཏང་མ་ཡིན་པའི་མགོ་ཁྲིད་ནུས་པ་དང་མིག་རྒྱང་རིང་བོའི་སྒོ་ནས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁ་སྔར་ལས་ཆེན་པོ་ལོན་པའི་སྨོན་འདུན་ཞུས་པ་ཡིན། མར་ཏའེ་ཝེ་ཡིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྲ་བརྟན་གྱི་མར་ཏའེ་ཝེ་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།