རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལིང་གི་འབྲེལ་བ་སླར་གསོ་བྱས་པར་དགའ་བསུ་ཞུས་པ་དང་ཀྲུང་གོ་ཕྱོགས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་གཟེངས་བསྟོད་བྱས།
ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་འོག སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཟླ་གསུམ་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར་པེ་ཅིང་ནས་གྲོས་མོལ་བྱས། ཚེས་བཅུ་ཉིན། རྒྱལ་ཁབ་གཉིས་ཀྱི་པེ་ཅིང་གྲོས་མཐུན་བཀོད་པ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་ལིང་བཅས་ཕྱོགས་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་བཀོད་དེ་སྤེལ་ནས། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བ་ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་གསུམ་གྱིས་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་སྤྱིའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས། རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་མང་བོས་གསལ་སྒྲོག་སྤེལ་ནས། སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བར་དགའ་བསུ་ཞུས་པ་དང་། དེ་དབུས་ཤར་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ཐད་དོན་སྙིང་གལ་ཆེན་ཡོད་པ་ནན་བཤད་བྱས་པར་མ་ཟད། ཀྲུང་གོས་དེའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་གཟེངས་བསྟོད་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་དང་དབྱི་ལིང་བར་གྱི་ཁྱིམ་མཚེས་འབྲེལ་བ་དེ་མཚོ་ཁུགས་ས་ཁུལ་གྱི་གཏན་འཇགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལིང་བར་གྱི་གྲོས་མོལ་ལ་འབད་འབུངས་བྱས་པར་བཀའ་དྲིན་ཞུས།
ཨ་རབ་གྲོས་ཁང་གིས་གསལ་སྒྲོག་སྤེལ་ཏེ། གྲོས་མཐུན་དེ་དབུས་ཤར་ས་ཁུལ་གྱི་གཏན་འཇགས་སླར་གསོ་བྱེད་པ་དང་ཐག་བཅད་མེད་པའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཉམས་ཉེན་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་ཕན་ཐོགས་ཡོད་ཟེར།
དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཐཱ་ཧཱ་ཡིས་བསྟན་དོན། གྲོས་མཐུན་དེ་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་ལ་ཤུགས་སྣོན་པར་ཕན་ཐོགས་ཡོད་པར་མ་ཟད། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྒུལ་ཤུགས་གསར་བ་འདོན་སྤྲོད་ཐུབ་པའི་རེ་བ་ཡོད་ཟེར། ཁོས་ཀྲུང་གོ་དང་དབྱི་རག ཨ་མན་བཅས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལིང་གི་གྲོས་མོལ་ལ་སྐུལ་འདེད་བཏང་ནས་གྲོས་མོལ་ལ་མཇུག་མཐའི་གྲུབ་འབྲས་ཐོབ་པར་བྱས་པར་གཟེངས་བསྟོད་བྱས།
མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཅཱ་ཞི་མུའུ་ཡིས་བསྟན་དོན། ས་ཁུལ་གྱི་བདེ་འཇགས་དང་ཞི་བདེ་ལ་ཤུགས་སྣོན་པ་དང་། ས་ཁུལ་གྱི་གཏན་འཇགས་དང་མི་དམངས་ཀྱི་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པར་ཕན་ཐོགས་ཡོད་པའི་བྱ་བ་ཡོད་ཚད་ལ་དགའ་བསུ་ཞུ་བཞིན་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཀྲུང་གོས་གྲོས་མཐུན་དེ་འགོད་པའི་ཐད་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། གྲོས་མཐུན་དེ་དབུས་ཤར་ས་ཁུལ་གྱི་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་པའི་རེ་བ་ཡོད་ཟེར།
ལེ་པཱ་ནུན་གྱི་ཕྱི་འབྲེལ་བློན་ཆེན་ཧཱ་པུས་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བ་དེ་ས་ཁུལ་དེར་ཤུགས་རྐྱེན་ཆེན་པོ་ཐོབ་སྲིད། དེ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། ཁྱིམ་མཚེས་མཛའ་མཐུན་བཅས་ཀྱི་རྨང་གཞིའི་སྟེང་ཨ་རབ་རྒྱལ་ཁབ་དང་དབྱི་ལིང་བར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་ཟེར། ཧཱ་པུས་པུའུ་ཡིས་ད་རུང་ཀྲུང་གོ་དང་དབྱི་རག ཨ་མན་སོགས་རྒྱལ་ཁབ་ཀྱིས་འབྲེལ་ཡོད་གནད་དོན་ཐད་ནས་བྱ་བ་མང་བོ་བསྒྲུབས་པར་གཟེངས་བསྟོད་བྱས།
ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ནས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཀྲུང་གོའི་སྐུལ་འདེད་འོག་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་དུ་གཏོང་བ་མངོན་འགྱུར་བྱས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ། གྲུབ་འབྲས་དེ་ལས་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་དང་དོན་སྙིང་ལྡན་པའི་གྲོས་མོལ་གྱི་སྟོབས་ཤུགས་མངོན་པར་མཚོན་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཕྱི་འབྲེལ་ཐད་ཀྱི་གྲུབ་འབྲས་གལ་ཆེན་དེས་ས་ཁུལ་རང་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས་ལ་ཕན་ཐོགས་འབྱུང་སྲིད་པར་ཡིད་ཆེས་ཡོད་ཟེར།
ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཀྲུང་གོ་དང་། སོ་ཏི་ཨ་རབ། དབྱི་ལིང་བཅས་ཕྱོགས་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་བཀོད་པ་དང་། སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པ་དང་ཕྱོགས་གཉིས་ཀྱི་གཞུང་ཚབ་ཁང་བསྐྱར་འབྱེད་བྱེད་པར་ཡིད་འཐད་བྱུང་བར་དགའ་བསུ་ཞུ་བཞིན་ཡོད། ང་ཚོས་གྲུབ་འབྲས་དེ་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་ཕན་ཐོགས་འབྱུང་བར་རེ་སྒུག་བྱས་ཡོད་ཟེར།
དབྱི་ལིང་གི་ཚབ་བྱས་ཏེ་མཉམ་འབྲེལ་གསལ་སྒྲོག་བཀོད་པའི་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧྲ་མུའུ་ཧཱ་ནེ་ཡིས་བསྟན་དོན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བ་དེས་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་འབྱུང་སྲིད་ཟེར། ཁོས་ཀྲུང་གོས་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་བཏོན་པར་གཟེངས་བསྟོད་བྱས་པ་དང་། དེ་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པའི་དགོས་མཁོ་ཡིན་པར་འདོད།
སོ་ཏི་ཨ་རབ་ཀྱི་མཉམ་འབྲེལ་གསལ་སྒྲོག་བཀོད་པའི་སོ་ཏི་ཨ་རབ་ཀྱི་རྒྱལ་སྲིད་བློན་ཆེན་དང་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨེ་པན་གྱིས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་ས་ཁུལ་རང་དང་འཛམ་གླིང་ཡོངས་ཀྱི་གཏན་འཇགས་དང་བདེ་འཇགས་ལ་ཤུགས་སྣོན་བྱེད་པར་འབད་འབུངས་བྱས་པ་དང་། ཁྱིམ་མཚེས་མཛའ་མཐུན་གྱི་རྩ་དོན་ལག་བསྟར་བྱས་ནས་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱས། སོ་ཏི་ཨ་རབ་ཀྱིས་ཀྲུང་གོས་སོ་ཏི་ཨ་རབ་དང་དབྱི་ལིང་བར་གྱི་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ཟམ་ལྟར་དུ་གྲོས་མོལ་ལ་སྐུལ་འདེད་བཏང་བར་བཀའ་དྲིན་ཞུས།
དབྱི་རག་གི་ཙུང་ལིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ནས། གྲོས་མཐུན་དེས་དབྱི་སི་ལན་རྒྱལ་ཁབ་བར་གྱི་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཕན་ཐོགས་བྱུང་ནས། ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ཐད་སྔར་ལས་མང་བའི་གོ་སྐབས་བསྐྲུན་ཐུབ་པར་རེ་བཞིན་ཡོད་ཟེར།
ཡེ་མིན་སྲིད་གཞུང་གིས་གསལ་སྒྲོག་སྤེལ་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་དང་ཞི་བའི་གྲོས་མོལ་ནི་ས་ཁུལ་རང་གི་རྒྱལ་ཁབ་དག་གིས་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པ་དང་ཞི་བདེ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་བཟང་བོ་ཞིག་ཡིན་པས། གྲུབ་འབྲས་དེས་དབུས་ཤར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བ་དང་ས་ཁུལ་དེར་གཏན་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ་པར་རེ་བཞིན་ཡོད་ཟེར།
ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར་དང་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཧན་མའོ་ཏི། དེ་མིན་ཨེ་ཅིབ་དང་། ཅོར་ཏན། ཐུར་ཁེ། ཨར་ཅི་རི་ཡཱ། མར་ཏའེ་ཝེ། ཧི་ལན། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཀྱང་གྲོས་མཐུན་དེས་དབུས་ཤར་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཤུགས་སྣོན་བྱེད་ཐུབ་པར་ཡིད་ཆེས་དང་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།