ཕྱི་རྒྱལ་གྱི་མགོ་ཁྲིད་པས་ཀྲུང་གོའི་སྐབས་གསར་བའི་མགོ་ཁྲིད་པར་རྟེན་འབྲེལ་ཞུས།
2023.03.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

རྒྱལ་ཁབ་རེ་འགའི་མགོ་ཁྲིད་པས་བསྟུད་མར་གློག་འཕྲིན་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་བསྟན་དོན། ཁྱེད་ཉིད་ཀྱིས་ཡང་བསྐྱར་བླ་མེད་ལས་འགན་དེ་ཁུར་བ་ནི་ཁྱེད་ཉིད་ཀྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་ནུས་པར་ཚད་མཐོའི་ཁས་ལེན་བྱས་པ་ཡིན་ལ། ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཉིད་ལ་ཡིད་ཆེས་ཆེན་པོ་བྱེད་པ་མཚོན་ཡོད། ཁྱེད་ཉིད་ཀྱིས་ཀྲུང་གོའི་སྣེ་ཁྲིད་དེ་སྔར་ལས་དར་རྒྱས་གོང་འཕེལ་འབྱུང་བར་ཡིད་ཆེས་ཡོད། ཨེ་ཅིབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱས་ཡོད་ཟེར།

ནེ་པཱ་ལཱའི་ཙུང་ཐུང་པན་ཏཱ་ལི་ཡིས་བསྟན་དོན། ནེ་པཱ་ལཱ་དང་ཀྲུང་གོས་ནམ་རྒྱུན་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་བཟང་བོ་སྲུང་འཛིན་བྱས་ཡོད། ནེ་པཱ་ལཱ་ཕྱོགས་ཀྱིས་ཁྱེད་ཉིད་ཀྱི་ནེ་པཱ་ལཱ་དང་ཀྲུང་གོའི་འབྲེལ་བའི་ཐད་ཀྱི་མིག་རྒྱང་རིང་བའི་དགོངས་ཚུལ་ལ་གཟེངས་བསྟོད་བྱེད་པ་དང་། ཁྱེད་ཉིད་ཀྱི་མགོ་ཁྲིད་འོག ནེ་པཱ་ལཱ་དང་ཀྲུང་གོའི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་དུ་འགྲོ་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཨིག་ལི་ཐི་ལི་ཡཱའི་ཙུང་ཐུང་དབྱེ་སཱ་ཡཱ་སི་ཡིས་བསྟན་དོན། ཁྱེད་ཉིད་ཀྱིས་ཡང་བསྐྱར་བསྟུད་འགན་ཁུར་བ་ནི་ཁྱེད་ཀྱིས་རྒྱལ་ཁབ་ཀྱི་མགོ་ཁྲིད་ནས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་ཡིན་ལ། ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་བགྲོད་ལམ་དང་མྱུར་སྟབས་ཀྱིས་གོང་འཕེལ་དུ་འགྲོ་བར་ཡིད་ཆེས་གང་ལེགས་བྱེད་པ་ཡང་མཚོན་ཡོད། ང་ཚོས་ཀྲུང་གོས་ཁྱེད་ཉིད་ཀྱི་མགོ་ཁྲིད་འོག་ཕྱོགས་མང་འབྲེལ་བའི་སྒྲོམ་གཞི་བཟང་བོ་འཛུགས་པའི་ཐད་མེད་དུ་མི་རུང་བའི་གནད་འགག་གི་ནུས་པ་འདོན་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཅི་པུའུ་ཐིས་ཀྱི་ཙུང་ཐུང་ཀའེ་ལའེ་ཡིས་བསྟན་དོན། ཁྱེད་ཉིད་ཀྱིས་དུས་ཡུན་རིང་བོར་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་འབད་འབུངས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་མི་དམངས་ཡོངས་ཀྱི་ཡིད་ཆེས་ཆེན་པོ་ཐོབ་ཡོད། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་བ་ལས་ཀྲུང་གོའི་མི་དམངས་ཀྱི་མགོ་ཁྲིད་དེ་སྔར་ལས་ལྷག་པའི་དར་རྒྱས་དང་གྲུབ་འབྲས། གཟི་བརྗིད་བཅས་མངོན་འགྱུར་བྱེད་ཐུབ་ངེས་རེད་ཟེར།

སེ་ཧྲི་ཨར་གྱི་ཙུང་ཐུང་ལཱ་མུའུ་ཁཱ་ལཱ་ཝང་གིས་བསྟན་དོན། འདེམ་ཤོག་ཡོངས་འཐད་པ་བྱུང་ནས་ཁྱེད་ཉིད་བདམས་པ་ལས་ཁྱེད་ཉིད་ཀྱི་མགོ་ཁྲིད་ནུས་པ་དང་མི་དམངས་ཀྱི་ཕན་བདེ་དང་རྒྱལ་ཁབ་ཀྱི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གཏོང་ཕོད་སྙིང་སྟོབས་མངོན་པར་མཚོན་ཡོད།

ཀྲུང་གོས་ཕྱོགས་མང་རིང་ལུགས་དང་ཞི་བདེ། མཉམ་ལས། མཐུན་སྒྲིལ་བཅས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་གནས་བབ་ཁྲོད་མུ་མཐུད་དུ་འབུར་ཐོན་ནུས་པ་འདོན་སྤེལ་བྱེད་པར་འགན་སྲུང་བྱེད་ངེས་ཡིན། སེ་ཧྲི་ཨར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། ཤུགས་ཆེན་པོས་ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་བསྟན་དོན། ཁྱེད་ཉིད་ཀྱིས་ཀྲུང་གོའི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུས་པ་ལས་དམངས་གཙོ་མཐུན་སྒྲིལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཀྲུང་གོས་འཛམ་གླིང་དང་ས་ཁུལ་གྱི་མཛའ་མཐུན་གྲོགས་པོ་དག་དང་མཉམ་དུ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་འགན་འཁྲི་ཁུར་དུ་བླངས་ནས། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་སྲིད་པ་མཚོན་ཡོད་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་མཁན་ལ་རུང་། འབྲུག་རྒྱལ་ཁབ་ཀྱི་རྒྱལ་བོ་སྐུ་ཕྲེང་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་། ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ། ཨེ་མེ་ནི་ཡཱའི་ཙུང་ཐུང་ཧཱ་ཆཱ་ཐུའུ་ལིང་དང་ཙུང་ལི་ཕཱ་ཧྲི་ནེ་དབྱང་། ཨན་ཐིས་བཀའ་དང་པཱ་པུའུ་ཏཱའི་ཙུང་ཏུའུ་ཝེ་ལེན་སི། ཐུའུ་ཁུའུ་མན་སི་ཐན་གྱི་མི་རིགས་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁུའུ་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ། ཕཱ་ཁི་སི་ཐན་གྱི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སིང་ཅི་ལཱ་ནེ་དང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཧྲི་ལཱ་ཧྥུའུ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་མེན། པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་སོགས་ཡོད།

ཕྱི་རྒྱལ་གྱི་མགོ་ཁྲིད་པ་རེ་འགས་སོ་སོར་གློག་འཕྲིན་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ནས་བདམས་ཐོན་བྱུང་བའི་སྐབས་གསར་བའི་མགོ་ཁྲིད་པ་གཞན་པར་རྟེན་འབྲེལ་ཞུས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལ་རྟེན་འབྲེལ་ཞུ་མཁན་ལ་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་དང་། ཝུན་ལའེ་ཡི་མགོ་ཁྲིད་པ་ཧཱ་སིང་ནཱ་ཨར། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི། འབྲུག་རྒྱལ་ཁབ་ཀྱི་རྒྱལ་བོ་སྐུ་ཕྲེང་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་དང་རྒྱལ་བོ་སྐུ་ཕྲེང་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག ཐུའུ་ཁུའུ་མན་སི་སི་ཐན་གྱི་ཙུང་ཐུང་ཞེ་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་དང་། ཐུའུ་ཁུའུ་མན་སི་ཐན་གྱི་མི་རིགས་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁུའུ་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ། ཧཱ་སག་སི་ཐན་གྱི་ཙུང་ལི་སི་མེད་ལོ་ཧྥུའུ། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་། ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན། ལའོ་ཝའོ་ཡི་ཙུང་ལི་སུང་སེ། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སུན། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་། ཐེ་གོའི་ཙུང་ལི་པཱ་ཡུས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་། མོང་གོལ་གྱི་ཙུང་ལི་ཨོ་ཡུན་ཨི་ཨར་ཏིན། འབྲུག་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཚེ་རིང་། ཨ་ཧྥེ་རི་ཁ་དབུས་མའི་ཙུང་ལི་མའོ་ལུའུ་ཝ། ཨན་ཐིས་བཀའ་དང་པཱ་པུའུ་ཏཱའི་ཙུང་ལི་པུའུ་ལིང་། པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་པོ་ཕན་ཅི་ཝུན་སོགས་ཡོད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ལ་རྟེན་འབྲེལ་ཞུ་མཁན་ལ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་དང་། ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིན་ཧོས། ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སེ་སུང་ཕིན། ཁུ་པཱ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་སོ། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་། ཁམ་ཕུ་ཀྲེའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཧན་སིང་ལིན། མོང་གོལ་གྲོས་ཁང་གི་ཀྲུའུ་ཞི་ཙན་ཏིན་ཧྲ་ཐི་ཨར། ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་སཱ་ལན་ཅི། ཧཱ་སག་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཞེ་མུའུ་པཱ་ཡེ་ཧྥུའུ། ནེ་ཁཱ་ར་ཀྭའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པའོ་ལཱ་སི། ཀོས་ཡཱ་ནཱའི་གྲོས་དཔོན་ནཱ་ཏིས་ཨར་སོགས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ལ་རྟེན་འབྲེལ་ཞུ་མཁན་ལ་ཁུ་པཱ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་སོ་དང་། ཧཱ་སག་སི་ཐན་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཞེ་མུའུ་པཱ་ཡེ་ཧྥུའུ་སོགས་ཡོད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ལ་རྟེན་འབྲེལ་ཞུ་མཁན་ལ། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཧྲི་ཡུན་ཁྲོན་དང་། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་སོགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།