འཛམ་གླིང་ཡོངས་ཀྱི་ཆབ་སྲིད་པ་དང་ཆེད་མཁས་པ་ཉིས་བརྒྱ་ཙམ་གྱིས་མཉམ་འབྲེལ་གྱིས་རིམས་ནད་ཀྱི་འགོག་སྨན་གྱི་བགོ་བཤའ་འདྲ་མཉམ་མིན་པའི་སྣང་ཚུལ་གཏན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.03.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

རྒྱལ་སྤྱིའི་ཆབ་སྲིད་པ་དང་ཆེད་མཁས་པ། མཁས་པ་བཅས་མི་ཉིས་བརྒྱ་ཙམ་གྱིས་ཚེས་བཅུ་གཅིག་ཉིན་མཉམ་དུ་མིང་བཀོད་པའི་ཡོངས་བསྒྲགས་འཕྲིན་ཡིག་སྤེལ་ནས། རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འགོག་སྨན་གྱི་བགོ་བཤའ་འདྲ་མཉམ་མིན་པའི་སྣང་ཚུལ་གཏན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོངས་བསྒྲགས་འཕྲིན་ཡིག་དེར་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་པ་དང་ཆེད་མཁས་པ། མཁས་པ་སོགས་མི་སྣ་ཉིས་བརྒྱ་ཙམ་གྱིས་མིང་བཀོད་ཡོད་ཅིང་། དེའི་ནང་ནོར་བྷེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ཡའོ་སི་ཧྥུའུ་སི་ཏིས་ཀི་ལེ་ཚི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ཧི་ཨར་ཀུའུ་ལི་ཡཱ་སོགས་འདུས།

པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པའི་སྐབས་སུ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བགོ་བཤའ་བྱེད་པར་ཡོང་འབབ་མཐོ་དམན་གྱི་ཁྱད་པར་ལྡན་པའི་རྒྱལ་ཁབ་བར་དུ་འདྲ་མཉམ་མིན་པའི་སྣང་ཚུལ་ཡོད། འབྱོར་ཕྱུག་གི་རྒྱལ་ཁབ་རེ་འགས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ལྷག་འཕྲོག་མེད་བརླག་ཏུ་གཏོང་བཞིན་ཡོད་ལ། དབུལ་ཕོངས་ཀྱི་རྒྱལ་ཁབ་རེ་འགར་འགོག་སྨན་གཅིག་ཀྱང་ཐོབ་བཀའ་བར་མངོན།

ཡོངས་བསྒྲགས་འཕྲིན་ཡིག་དེས་རང་བྱུང་གསོ་རིག་ཅེས་པའི་དུས་དེབ་ཀྱིས་སྤེལ་བའི་ཞིབ་འཇུག་གཞི་གྲངས་དྲངས་ནས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བགོ་བཤའ་འདྲ་མཉམ་མིན་པ་སོགས་ལས་སྐར་ཆ་ཉེར་བཞིའི་ནང་སྔོན་འགོག་བྱས་ཆོག་ཆོག་ཡིན་པའི་ནད་པ་གཅིག་གི་ཚེ་སྲོག་ཤོར་བཞིན་ཡོད་ཟེར། ཡང་གཅིག་བཤད་ན་གལ་ཏེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་རིམས་ནད་འགོག་སྨན་འདྲ་མཉམ་གྱིས་བགོ་བཤའ་བྱས་ན། ཉིས་སྟོང་ཉེར་གཅིག་ལོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེ་ཉུང་མཐར་ཡང་མི་ས་ཡ་གཅིག་དང་འབུམ་གསུམ་ཇེ་ཉུང་དུ་གཏོང་ཐུབ་ཟེར།

ཡོངས་བསྒྲགས་འཕྲིན་ཡིག་ལས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་དམ་བཅའ་བཞག་སྟེ། འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཀྱི་མིའི་ཚེ་སྲོག་དེ་དབུལ་ཕོངས་རྒྱལ་ཁབ་ཀྱི་མིའི་ཚེ་སྲོག་ལས་མཆོག་ཏུ་འཛིན་མི་རུང་བའི་སྐུལ་མ་བཏང་།

ཡོངས་བསྒྲགས་འཕྲིན་ཡིག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་སྐབས་བཟོས་པའི་ནོར་འཆུག་ལ་བསམ་བློ་ཡག་པོ་བཏང་སྟེ། བྱེད་ཐབས་སྤྱད་ནས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་གྲོས་མཐུན་འགོད་པ་དང་ལག་རྩལ་སྤོར་བསྒྱུར་མཉམ་སྤྱོད་ལ་ཤུགས་སྣོན་བྱས་ཏེ། མ་འོངས་པར་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་ཉམས་ཉེན་ཐག་གཅོད་བྱེད་སྐབས་རིགས་མཐུན་གྱི་སྐྱོ་གར་དེ་འདྲ་ཡང་བསྐྱར་མི་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།