དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཀྲུང་གོས་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། བདེ་འཇགས་བཅས་མངོན་འགྱུར་བྱེད་པར་རོགས་འདེགས་བྱས་པའི་ཚུལ་བསྟན།
2023.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཀྲུང་གོས་དབྱི་ལིང་དང་སོ་ཏི་ཨ་རབ་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་འབྱུང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། དབུས་ཤར་ས་ཁུལ་དུ་ཞི་བདེ་དང་གཏན་འཇགས། བདེ་འཇགས་བཅས་མངོན་འགྱུར་བྱེད་པར་རོགས་འདེགས་བྱས་ཡོད་ཟེར།

ཁཱ་ནཱ་ནེ་ཡིས་ཉིན་དེར་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཀྲུང་གོས་སེམས་འདུན་བཟང་བོ་བཅངས་ནས་དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པར་སྣེ་ལེན་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་བརྡ་འཕྲིན་བརྗེ་རེས་བྱེད་པར་རོགས་རམ་བྱས་ནས། རྒྱལ་ཁབ་གཉིས་ཀྱིས་བདེ་བླག་ངང་གྲོས་མོལ་བྱེད་པ་དང་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་འབྱུང་བར་སྟེགས་བུ་འདོན་སྤྲོད་བྱས་ཡོད། དབྱི་ལིང་གིས་ཀྲུང་གོས་འདོན་སྤེལ་བྱས་པའི་ནུས་པ་དེར་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོའི་ནུས་པ་དེ་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། བདེ་འཇགས་ལ་ཤུགས་སྣོན་བྱེད་པར་ཕན་ཐོགས་ཡོད་ལ། གཏན་འཇགས་དང་བདེ་འཇགས་འཚོལ་ཞིབ་བྱེད་པའི་རྒྱལ་ཁབ་ཚང་མའི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་ཟེར།

ཁཱ་ནཱ་ནེ་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱིས་མཉམ་ལས་རྒྱ་བསྐྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམ་པར་མ་ཟད། ས་ཁུལ་གྱི་མཉམ་ལས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བར་ཡང་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་ཁྱབ་ཁོངས་ནང་དུའང་དོན་སྙིང་གལ་ཆེན་ལྡན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།