ཁྲའོ་ཞན་གྱིས་འཐབ་ཇུས་སྐོར་གཡེང་འཕུར་མདའ་ཆུ་འཛུལ་གྲུ་གཟིངས་སྟེང་གཏོང་འཕེན་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ།
2023.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་བཅུ་གཉིས་ཉིན་འཐབ་ཇུས་སྐོར་གཡེང་འཕུར་མདའ་ཆུ་འཛུལ་གྲུ་གཟིངས་སྟེང་གཏོང་འཕེན་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། དམིགས་ཡུལ་ནི་མཚོན་ཆའི་མ་ལག་གི་བློ་གཏད་རང་བཞིན་ལ་ངོས་ལེན་བྱེད་པ་དང་། ཆུ་འཛུལ་གྲུ་གཟིངས་དམག་དཔུང་གིས་ས་ངོས་ལ་དཔུང་འཇུག་བྱེད་པའི་འཐབ་འཁྲུག་རྣམ་པར་ཞིབ་བཤེར་བྱེད་ཆེད་རེད།

བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་ཤར་ཕྱོགས་མཚོ་ཁོངས་ནས་འཐབ་ཇུས་སྐོར་གཡེང་འཕུར་མདའ་གཉིས་གཏོང་འཕེན་བྱས་པ་དང་། འཕུར་མདའ་དེ་སྤྱི་ལེ་སྟོང་གཅིག་དང་ལྔ་བརྒྱ་ཡོད་པའི་ལད་བཟོའི་རྒྱུ་ལམ་དུ་འཕུར་རྗེས་སྔོན་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ལ་ཕོག་པ་རེད་ཟེར།

ཨ་མེ་རི་ཁ་དང་ཧན་གོས་ཚེས་བཅུ་གསུམ་ཉིན་རང་དབང་གི་ཕུབ་ཅེས་པའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དངོས་སུ་སྤེལ་མགོ་བརྩམས། ཉེ་སྔོན་ཁྲའོ་ཞན་ཕྱོགས་ཀྱིས་དོན་དེའི་ཐད་ཡང་དང་བསྐྱར་དུ་ཉེན་བརྡ་བཏང་བ་རེད། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། བྱེད་ཐབས་གལ་ཆེན་མང་བོ་སྤྱད་དེ་སྔར་ལས་ཕན་ནུས་ལྡན་ཞིང་ཟིལ་ཤུགས་ཆེ་བའི་སྒོ་ནས་རྒྱལ་ཁབ་ཀྱི་འཐབ་འཁྲུག་ཚོད་འཛིན་ནུས་པ་ལག་བསྟར་བྱེད་པར་གྲོས་བསྡུར་དང་ཐག་གཅོད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།