ཧན་གོ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་དམངས་ཁྲོད་ཀྱི་ཚོགས་ཁག་མང་བོས་འདུ་ཚོགས་བསྡུས་ནས་ངོ་རྒོལ་བྱས།
2023.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་རང་དབང་གི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དངོས་སུ་སྤེལ་མགོ་བརྩམས། ཐེངས་འདིའི་དམག་དོན་སྦྱོང་བརྡར་དབང་གིས་ཉེ་སྔོན་ཧན་གོ་ནས་གཞི་རྒྱ་ཆེ་བའི་འདུ་ཚོགས་ཆེན་མོ་བྱུང་བ་དང་། དམངས་ཁྲོད་ཚོགས་ཁག་མང་བོས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་བའི་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཟླ་འདིའི་ཚེས་ཉེར་གསུམ་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་མཉམ་འབྲེལ་ཉེན་སྲུང་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་འཕྲལ་བསྟུན་ནུས་པར་སྔར་ལས་ཤུགས་སྣོན་བྱེད་པའི་ཆེད་དུ་རེད། དམག་དོན་སྦྱོང་བརྡར་སྤེལ་བའི་སྐབས་སུ། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་སྐམ་སར་འབུད་པ་སོགས་ཀྱི་སྦྱོང་བརྡར་བྱས་ཏེ། མཉམ་འབྲེལ་འཐབ་འཁྲུག་ལག་བསྟར་བྱེད་པའི་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཧན་གོའི་དམངས་ཁྲོད་ཚོགས་ཁག་མང་བོས་ཧན་གོའི་ཙུང་ཐུང་བཞུགས་ཤག་གི་མདུན་ནས་འདུ་ཚོགས་བསྡུས་པ་དང་། འདུ་ཚོགས་ལ་ཞུགས་པའི་མི་རྣམས་ཀྱིས་དམག་དོན་སྦྱོང་བརྡར་མཚམས་བཞག་ནས་གྲོས་མོལ་སླར་གསོ་བྱེད་དགོས་ཞེས་པ་དང་། གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་གྱིས་ཞི་བདེ་བསྐྲུན་ཐབས་མེད་ཅེས་པ་སོགས་ཀྱི་འཕྲེད་བྱང་བཟུང་ནས། ཙུང་ཐུང་བཞུགས་ཤག་གི་མདུན་ནས་ལམ་དུ་ཆས་ནས་གྲོང་ཁྱེར་ལྟེ་གནས་བར་དུ་རྐང་ཐང་ལ་སོང་།

འདུ་ཚོགས་ལ་ཞུགས་པའི་ཞི་བདེ་གཅིག་གྱུར་གྱི་གྲོང་ཁྱེར་སྡོད་དམངས་འགུལ་སྐྱོད་ཀྱི་འཐུས་མི་ལིས་ཀྲིན་ཧའོ་ཡིས་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ལས་སྔར་ལས་ལྷག་པའི་སྒོ་ནས་ཕྱེད་གླིང་གི་དམག་དོན་གནས་ཚུལ་ཛ་དྲག་ཏུ་སོང་བ་དང་། ཨེ་ཤ་ཡཱ་ཤར་མ་ས་ཁུལ་གྱི་གནས་བབ་ཐད་གཏན་འཇགས་མིན་པའི་སྣང་ཚུལ་ཁ་སྣོན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།