དབྱི་ལིང་ཙུང་ཐུང་གིས་ཨུ་རུ་སི་དཀར་པོའི་བར་བཀག་སྡོམ་བྱེད་ཐབས་ལ་རྒོལ་བའི་ཉམས་མྱོང་མཉམ་སྤྱོད་བྱེད་རྩིས་ཡོད་པའི་ཚུལ་བསྟན།
2023.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་ཚེས་བཅུ་གསུམ་ཉིན་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། དབྱི་ལིང་གིས་མཛའ་མཐུན་རྒྱལ་ཁབ་ཨུ་རུ་སི་དཀར་པོའི་བར་བཀག་སྡོམ་བྱེད་ཐབས་ལ་རྒོལ་བའི་ཉམས་མྱོང་མཉམ་སྤྱོད་བྱེད་རྩིས་ཡོད་ཟེར།

ལའེ་ཞི་ཡིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་དང་ཨུ་རུ་སི་དཀར་པོས་ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། རང་བཙན་རྒྱལ་ཁབ་བར་གྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་ལས་བཀག་སྡོམ་གནད་དོན་ཐག་གཅོད་བྱེད་ཐུབ་ལ། རྒྱལ་ཁབ་གོང་འཕེལ་གྱི་རྨང་གཞི་འདིང་ཐུབ་ཟེར།

ལའེ་ཞི་ཡིས་དབྱི་ལིང་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་བཟོ་ལས་དང་གཏེར་ལས། ཉོ་ཚོང་། ཞིང་ལས། གཞུང་ལམ་སོགས་ཁྱབ་ཁོངས་ནས་བཀོད་པའི་གྲོས་མཐུན་གལ་ཆེན་གླེང་སྐབས་བསྟན་དོན། གྲོས་མཐུན་དེ་དག་ལག་བསྟར་བྱས་པ་ལས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་ཐུབ་པའི་རེ་བ་ཡོད། དེ་ལས་གཞན་དབྱི་ལིང་ཕྱོགས་ཀྱིས་ས་ཁོངས་ནང་དང་ས་ཁོངས་ཕྱིའི་རྩ་འཛུགས་སྒྲོམ་གཞིའི་ནང་ཨུ་རུ་སིའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཆོད་སེམས་ཡོད་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་འདྲ་མཚུངས་ཡིན་ལ། ཚང་མས་དྲང་བདེན་གྱི་སྣེ་མང་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་ད་རུང་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་དང་གྲོས་མོལ་བྱས། ཧཱ་མཱེ་ནེ་དབྱེའི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཧཱ་མཱེ་ནེ་དབྱེ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་བཀག་སྡོམ་ཐེབས་པའི་རྒྱལ་ཁབ་དག་གིས་ངེས་པར་དུ་ཕན་ཚུན་མཉམ་ལས་བྱས་ཏེ། གཅིག་གྱུར་འཐབ་ཕྱོགས་གྲུབ་པར་བྱས་ནས་བཀག་སྡོམ་བྱེད་ཐབས་ལ་གཏོར་བཤིག་གཏོང་དགོས་ཟེར།

ད་ལོ་ནི་དབྱི་ལིང་དང་ཨུ་རུ་སི་དཀར་པོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་རེད། ཐེངས་འདིའི་འཚམས་འདྲི་ནི་ལུའུ་ཁཱ་ཧྲིན་ཁི་ཡིས་ལོ་ངོ་བཅུ་བདུན་གྱི་རྗེས་སུ་ཡང་བསྐྱར་དབྱི་ལིང་དུ་འཚམས་འདྲི་བྱས་པ་རེད། རྒྱལ་ཁབ་གཉིས་ཀྱིས་འཚམས་འདྲི་བྱེད་སྐབས་ཕྱོགས་ཡོངས་ཀྱི་མཉམ་ལས་ལམ་ཐིག་རི་མོ་དང་དེ་མིན་ཚོང་ལས། འགྲིམ་འགྲུལ། ཞིང་ལས། རིག་གནས་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ཡིག་ཆ་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།