ཕྱི་རྒྱལ་གྱི་མགོ་ཁྲིད་པས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
2023.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་སྐོར་ཞིག་གིས་བསྟུད་མར་གློག་འཕྲིན་བཏང་སྟེ། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་གཉིས་ཀྱིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་ནས་འགན་ཡུན་གསར་བ་མགོ་བརྩམས་པའི་སྐབས་སུ། ཁྱེད་ཉིད་ལ་ལྷག་བསམ་རྣམ་དག་གི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས་པ་ཡིན། མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་སྔར་ལས་འཕེལ་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུས་པ་ཡིན། སོ་ཏི་ཨ་རབ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

སིང་ག་ལཱའི་ཙུང་ཐུང་ཝེ་ཁི་ལཱ་མཱ་ཞིན་ཧཱ་ཡིས་བསྟན་དོན། ཁྱེད་ཉིད་ཀྱི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་འགྲན་རྩོད་སྣ་ཚོགས་ཁྱད་དུ་བསལ་ནས་འཕེལ་རྒྱས་ཆེན་པོ་མངོན་འགྱུར་བྱུང་ཡོད། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་བ་ལས་ཀྲུང་གོའི་གཟི་འོད་ཀྱི་ལེའུ་གསར་བ་གསར་འབྱེད་བྱས་ཡོད་པ་བསྙོན་མེད་ཡིན། སིང་ག་ལཱ་དང་ཀྲུང་གོའི་དམིགས་བསལ་གྱི་མཛའ་བརྩེ་འབྲེལ་བར་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པ་དང་། སིང་ག་ལཱ་དང་ཀྲུང་གོའི་མཉམ་ལས་ཟབ་མོ་དེ་སྔར་ལས་འཕེལ་རྒྱས་སུ་སོང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི་ཡིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་ཕུལ་བྱུང་མགོ་ཁྲིད་འོག མུ་མཐུད་དུ་ཞི་བདེ་དང་གོང་འཕེལ། དར་རྒྱས་བཅས་ཀྱི་བགྲོད་ལམ་ཆེན་པོའི་སྟེང་གྲུབ་འབྲས་ལོན་ཐུབ་པའི་སྨོན་འདུན་ཞུས་པ་དང་། ནེ་ཀྲི་རི་ཡཱ་དང་ཀྲུང་གོའི་འཐབ་ཕྱོགས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་ཡིད་ཆེས་ཡོད་ཟེར།

སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ཡིས་བསྟན་དོན། སེ་ནེ་ཀལ་དང་ཀྲུང་གོའི་འབྲེལ་བ་ཟབ་པ་དང་། བདག་གིས་ཁྱེད་ཉིད་དང་མཉམ་དུ་འབད་བརྩོན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སེ་ནེ་ཀལ་དང་ཀྲུང་གོའི་མཛའ་མཐུན་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ཡིས་བསྟན་དོན། ཁྱེད་ཉིད་ཀྱིས་ལས་གནས་གལ་ཆེན་འདིའི་སྟེང་གྲུབ་འབྲས་ཆེན་པོ་ལོན་ཐུབ་པའི་སྨོན་འདུན་ཞུ། ཧྥུན་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མང་བོ་ནས་གཉིས་ཕན་མཉམ་ལས་བྱེད་པའི་སྣང་ཚུལ་མཐོང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཧྥུན་ལན་དང་ཀྲུང་གོའི་བར་མཉམ་ལས་སྦས་ཤུགས་ཆེན་པོ་ལྡན་པ་དང་། བདག་གིས་མུ་མཐུད་དུ་ཁྱེད་ཉིད་བར་དུས་རྒྱུན་རང་བཞིན་གྱི་གྲོས་མོལ་སྤེལ་ནས། ཧྥུན་ལན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་དང་། ཁྱེད་ཉིད་ཀྱིས་ལས་གནས་གལ་ཆེན་དེའི་སྟེང་སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་ལོན་པ་དང་བྱ་བ་ཡོད་ཚད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུ་ཞུ་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཁྱེད་ཉིད་ཀྱི་ཀྲུང་གོའི་འཕེལ་རྒྱས་དང་འབྲེལ་བའི་རེ་འདུན་ལེགས་འགྲུབ་བྱུང་བ་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་པ་བཅས་ཀྱི་ཐད་ནས་མགོ་ཁྲིད་ཀྱི་ནུས་པ་ཆེན་པོ་མངོན་པར་བྱས་ཡོད། བདག་གིས་མུ་མཐུད་དུ་ཁྱེད་ཉིད་བར་མཉམ་ལས་རྒྱ་ཆེན་པོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ཡིས་བསྟན་དོན། ཁྱེད་ཉིད་ཀྱི་མགོ་ཁྲིད་འོག ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ལེགས་འགྲུབ་ཆེན་པོ་བྱུང་། ཧང་ཀྲིག་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་སྤེལ་ལ་ཉེ་བ་དང་། ཀྲུང་གོས་འཛམ་གླིང་ཡོངས་ལ་འཛམ་གླིང་རིམ་པའི་ལུས་རྩལ་གྱི་སྟོན་ཚོགས་གཞན་ཞིག་མངོན་སྲིད་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྐུར་མཁན་ལ་ད་རུང་པཱ་ལིན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧཱ་མཱ་ཏི་དང་། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི། མའོ་ལི་ཐཱ་ནི་ཡཱའི་ཙུང་ཐུང་ཅཱ་ཙི་ཝ་ནེ། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན། ཡེ་མིན་གྱི་ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་མུས། ལི་པུ་ཡཱའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ། ཨན་ཁོ་ལཱའི་ཙུང་ཐུང་ལོ་ལོན་སོ། ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ། ཏའོ་ཀི་ཡི་ཙུང་ཐུང་ཧྥུའུ་ལོས། ལི་པུ་ལི་ཡཱའི་ཙུང་ཐུང་ཝེ་ཨ། ཅེ་ཁིའི་ཙུང་ཐུང་ཕཱ་ཝེ་ཨར། པཱ་ལིན་གྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་སཱ་ལེ་མན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའམ་ཙུང་ལི་མུའུ་ཧན་མའོ་ཏི། ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ། ཝ་ནི་ཨ་ཐུའུ་ཡི་ཙུང་ཐུང་ཁཱ་ཨར་སཱ་ཁའོ། ཨུ་རུ་སིའི་གཅིག་གྱུར་ཨུ་རུ་སིའི་ཏང་གི་ཀྲུའུ་ཞི་མཱེ་ཏི་བེ་ཅེ་ཧྥུའུ། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིག་ཅཱ་ནོའུ་ཧྥུའུ། ཨུ་རུ་སི་དཀར་པོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ཧན་ཁང་གི་ཧྲུའུ་ཅི་དང་པོ་སོ་ཁི་ཨར། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཏུན་ཧོང་སིན་སོགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།