ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ཡིས་ཚེས་བཅུ་བཞི་ཉིན་ཀཱ་ཏི་མན་ཏུའུ་ནས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་དང་ནེ་པཱ་ལཱའི་དངུལ་གཏོང་དང་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ལ་ཞུགས་སྐབས་བསྟན་དོན། ཀྲུང་གོའི་བར་གྱི་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། སྔར་ལས་མང་བའི་ཀྲུང་གོའི་དངུལ་གཏོང་ནང་འགུག་བྱས་ཏེ། ནེ་པཱ་ལཱའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་རེམ་འདེགས་བྱེད་འདོད་ཡོད་ཟེར།
ཕུའུ་ལཱ་ཁྲང་ཏཱ་ཡིས་བསྟན་དོན། ཀྲུང་གོ་ནི་ནེ་པཱ་ལཱའི་ཉོ་ཚོང་གྲོགས་པོ་གཉིས་པ་ཡིན་པ་དང་། ནེ་པཱ་ལཱའི་ཆེས་ཆེ་བའི་ཕྱི་རྒྱལ་གྱི་ཐད་ཀར་དངུལ་གཏོང་རྒྱལ་ཁབ་ཀྱང་ཡིན་ཟེར། ཁོས་བསྟན་དོན། ནེ་པཱ་ལཱ་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལས་ནེ་པཱ་ལཱ་རྒྱལ་ཁབ་ལ་སྔར་ལས་མང་བའི་གོ་སྐབས་འདོན་སྤྲོད་བྱེད་སྲིད་པ་དང་། འབྲེལ་ཡོད་ཀྱི་ཉོ་ཚོང་དང་དངུལ་གཏོང་ལས་ནེ་པཱ་ལཱའི་འཕེལ་རྒྱས་དར་རྒྱས་ལ་རོགས་རམ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཕུའུ་ལཱ་ཁྲང་ཏཱ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ནེ་པཱ་ལཱ་རྒྱལ་ཁབ་དེ་ཀྲུང་གོའི་སྤྱི་དམངས་རྒྱལ་ཁབ་གཞན་དུ་གནས་སྐོར་ལ་འགྲོ་བ་སླར་གསོ་བྱེད་པའི་ཚོད་ལྟའི་རྒྱལ་ཁབ་ཀྱི་གྲས་སུ་བཞག་པར་བཀའ་དྲིན་ཞུས། ནེ་པཱ་ལཱའི་གནས་སྐོར་ལས་རིགས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཆེན་པོ་ཐེབས་ཡོད་ལ། ཀྲུང་གོའི་བྱ་སྤྱོད་དེས་ནེ་པཱ་ལཱའི་གནས་སྐོར་ལས་རིགས་ལ་ཤུགས་རྐྱེན་བཟང་བོ་ཐེབས་སྲིད་ཟེར།
ཕུའུ་ལཱ་ཁྲང་ཏཱ་ཡིས་ནེ་པཱ་ལཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ནེ་པཱ་ལཱའི་མངའ་ཁོངས་བེད་སྤྱད་ནས་ཀྲུང་གོར་རྒོལ་བའི་བྱ་འགུལ་སྤེལ་དུ་མི་འཇུག་པ་ནི་ནེ་པཱ་ལཱ་ཕྱོགས་ཀྱི་ནམ་རྒྱུན་གྱི་སྲིད་ཇུས་ཤིག་ཡིན་པ་ནན་བཤད་བྱས།
ནེ་པཱ་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་སུང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོས་ནེ་པཱ་ལཱ་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་བགྲོད་རླངས་འཁོར་ལ་སྡོད་པར་དགའ་བསུ་བྱེད་པ་དང་། ནེ་པཱ་ལཱ་ཕྱོགས་ཀྲུང་གོས་བཏོན་པའི་བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིའི་ནང་ཞུགས་པར་དགའ་བསུ་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ཀྲུང་གོ་དང་ནེ་པཱ་ལཱ་ཕྱོགས་གཉིས་ཀྱིས་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་གསོ་སྤེལ་བྱེད་དགོས་ལ། དེའི་ནང་དག་གཙང་ནུས་ཁུངས་དང་གློག་སྒུལ་རླངས་འཁོར་སོགས་འདུས། དེ་དག་ནེ་པཱ་ལཱ་ཡིས་རང་བདག་འཕེལ་རྒྱས་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།
ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ཡོན་ལྷན་ཁང་ཚོགས་གཙོ་གཞོན་པ་ཀྲང་ཧྲའོ་ཀང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ནེ་པཱ་ལཱ་ཡིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་ནས། སྔར་ལས་ལྷག་པའི་སྒོ་ནས་དངུལ་གཏོང་ཁྱབ་ཁོངས་རྒྱ་བསྐྱེད་དགོས་ཟེར།
ཚོགས་ཡུན་ཉིན་གཅིག་ཡིན་པའི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་དང་ནེ་པཱ་ལཱའི་དངུལ་གཏོང་དང་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ཚེས་བཅུ་བཞི་ཉིན་ཀཱ་ཏི་མན་ཏུའུ་ནས་ཚོགས་པ་དང་། ཚོགས་འདུར་ཞུགས་པའི་ཀྲུང་གོ་དང་ནེ་པཱ་ལཱའི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་བརྗེ་རེས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།