ཨུ་རུ་སི་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཁ་པར་བཏང་སྟེ་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུ་མཚོ་ནག་ནས་སར་ལྷུང་བའི་དོན་རྐྱེན་ལ་གྲོས་བསྡུར་བྱས།
2023.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་རེ་བ་བཏོན་པ་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་ལ་ཁ་པར་བཏང་སྟེ། ཚེས་བཅུ་བཞི་ཉིན་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུ་མཚོ་ནག་ནས་སར་ལྷུང་བའི་དོན་རྐྱེན་གྱི་རྒྱུ་འབྲས་འབྱུང་རྐྱེན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ཧྲའོ་དབྱེ་ཀུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་ཨ་མེ་རི་ཁས་ཨུ་རུ་སིའི་ཕྱོགས་ཀྱིས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་སྐབས་གནམ་གྲུའི་འཕུར་སྐྱོད་ཚོད་འཛིན་ས་ཁུལ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པའི་འབྲེལ་ཡོད་གཏན་འཁེལ་བརྩི་སྲུང་མ་བྱས་པར་མ་ཟད། ཨུ་རུ་སིའི་ཁེ་ཕན་ལ་དམིགས་པའི་གསང་འཕྲིན་བྱ་འགུལ་ཇེ་མང་དུ་བཏང་ཡོད། ཨ་མེ་རི་ཁའི་མི་བསྡད་མེད་པའི་འཐབ་ཇུས་གནམ་གྲུ་དེ་ཁི་ལི་མུས་ཡཱའི་མཚོ་འགྲམ་དུ་འཕུར་སྐྱོད་བྱས་པ་དང་དཀྲུག་འཕེན་རང་བཞིན་ལྡན་ལ། མཚོ་ནག་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དག་ཇེ་ཆེར་གཏོང་འདོད་མེད་ཀྱང་། མུ་མཐུད་དུ་དཀྲུག་འཕེན་བྱ་སྤྱོད་ཡོད་ཚད་ལ་དགོས་ངེས་ཀྱི་རྒོལ་ལན་སྤྲོད་ངེས་ཡིན། དེའི་ཞོར་དུ་ཉིང་རྡུལ་ནུས་པའི་རྒྱལ་ཁབ་ཆེན་མོས་ངེས་པར་དུ་འགན་ཁུར་བའི་བྱ་སྤྱོད་སྤེལ་དགོས་པ་དང་། དམག་དོན་འབྲེལ་འདྲིས་ཀྱི་ཐབས་ལམ་སྲུང་འཛིན་བྱས་ནས་ཉམས་ཉེན་གནས་ཚུལ་གང་རུང་ལ་གྲོས་བསྡུར་བྱེད་པར་སྟབས་བདེ་བཟོ་བ་སོགས་འདུས་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་སྔ་དྲོར། ཨུ་རུ་སིའི་མཁའ་དམག་གིས་ཁི་ལི་མུས་ཡཱ་ཕྱེད་གླིང་ཉེ་འཁོར་གྱི་མཚོ་ནག་མཚོ་ཁོངས་ཀྱི་བར་སྣང་ནས་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུ་ཞིག་མཐོང་བ་དང་། སྐབས་ཐོག་དེར་གནམ་གྲུ་དེ་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་ལ་ཕྱོགས་འཕུར་བཞིན་ཡོད་པ་དང་། གནམ་གྲུའི་སྟེང་གི་ལོན་སྟེར་འཕྲུལ་ཆས་གློག་སྒོ་བརྒྱབ་པའི་རྣམ་པར་གནས་ཡོད། ཨུ་རུ་སིའི་མཁའ་དམག་གི་ལས་རེས་འཐབ་འཛིང་གནམ་གྲུ་འཕུར་ནས་མཁའ་ཁོངས་སུ་བཙན་འཛུལ་བྱས་པའི་འཕུར་སྐྱོད་གནམ་གྲུ་དེར་ངོས་འཛིན་བྱས་པ་དང་། མི་བསྡད་མེད་པའི་གནམ་གྲུ་དེ་སྒུལ་ཤུགས་དྲག་པོའི་དབང་གིས་ཚོད་འཛིན་བྱེད་ཐབས་བྲལ་ནས་མྱུར་མོར་མཐོ་ཚད་ཇེ་དམའ་རུ་སོང་བ་དང་མཇུག་མཐར་མཚོ་ནང་དུ་ལྷུང་བ་རེད། ཨུ་རུ་སིའི་གནམ་གྲུས་མཚོན་ཆ་གང་ཡང་བཀོལ་མེད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱི་མི་བསྡད་མེད་པའི་གནམ་གྲུར་ཐོགས་རེག་བྱུང་མེད་པར་མ་ཟད། བདེ་འཇགས་ངང་ཕྱིར་བཅའ་སྡོད་བྱེད་སའི་གནམ་གྲུ་ཐང་དུ་ལོག་ཡོད་ཟེར།

ཨ་མེ་རི་ཁའི་ཡོ་རོབ་གླིང་དམག་སྤྱི་ཁང་གིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུ་དེར་ཉིན་དེར་མཚོ་ནག་གི་བར་སྣང་ནས་ཨུ་རུ་སིའི་སུའུ-27རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གཉིས་ཀྱི་བཀག་འགོག་ཐེབས་པ་དང་། དེའི་ནང་གི་འཐབ་འཛིང་གནམ་གྲུ་གཅིག་གིས་མི་བསྡད་མེད་པའི་གནམ་གྲུའི་དུང་འཁྱིལ་འཁོར་ལོར་ཐོ་བརྒྱབ་པས། ཨ་མེ་རི་ཁའི་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་དེ་མཚོ་ནག་མཚོ་ཁོངས་སུ་ལྷུང་དུ་མི་འཇུག་ཐབས་མེད་བྱུང་ཡོད་ཟེར། ཐོ་མ་བརྒྱབ་གོང་། སུའུ-27རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་གཉིས་ཀྱིས་ཐེངས་མང་བོར་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་སྟེང་འབར་སྣུམ་གཏོར་ནས་དེའི་མདུན་ངོས་སུ་འཕུར་སྐྱོད་བྱས་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།