ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། ངོ་རྒོལ་མཁན་གྱིས་འཇར་པན་ཏུང་ཅིང་གི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་གི་མདུན་ནས་འཇར་པན་དང་ཧན་གོའི་མགོ་གཙོའི་གྲོས་མོལ་ལ་ངོ་རྒོལ་བྱས།
ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། འཇར་པན་ཏུང་ཅིང་གི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས། ཧན་གོའི་ཙུང་ཐུང་དབྱིན་ཞེ་ཡའོ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གཉིས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་རྗེས་རང་རང་ས་ནས་སྟེགས་བུ་ལས་འབབ་བཞིན་པ།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་བཅུ་དྲུག་ཉིན་ཏུང་ཅིང་ནས་ཧན་གོའི་ཙུང་ཐུང་དབྱིན་ཞེ་ཡའོ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ངལ་རྩོལ་བཟོ་བ་བཙན་བསྡུ་བྱས་པའི་གནད་དོན་སོགས་ལོ་རྒྱུས་གནད་དོན་གྱི་གནོད་པ་ཐེབས་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱུན་ལྡན་སླར་གསོ་བྱེད་རྒྱུ་ཐག་བཅད། ཐེངས་འདིའི་མགོ་གཙོའི་གྲོས་ཚོགས་ལ་འཇར་པན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་ངོ་རྒོལ་ཐེབས་པ་དང་། ཉིན་དེར་མང་ཚོགས་མི་ཉུང་བ་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་མདུན་དུ་འདུས་ནས་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་གནོད་ཐེབས་མཁན་སྣང་མེད་དུ་བཞག་པར་ངོ་རྒོལ་བྱས།
དེ་ནི་ཧན་གོའི་ཙུང་ཐུང་གིས་ལོ་ངོ་བཞི་ཙམ་གྱི་ནང་ཐོག་དང་པོར་འཇར་པན་དུ་འཚམས་འདྲི་བྱས་པ་རེད། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཨན་ཐེན་ཝུན་ཞོང་དང་དབྱིན་ཞེ་ཡའོ་ཡིས་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་མགོ་གཙོའི་གྲོས་མོལ་དང་། བདེ་འཇགས་དང་དཔལ་འབྱོར་གྲོས་མོལ་སླར་གསོ་བྱེད་པ་སོགས་ཀྱི་ཐད་གཅིག་གྱུར་གྲོས་འཆམ་བྱུང་།
ཟླ་འདིའི་ཚེས་དྲུག་ཉིན། དབྱིན་ཞེ་ཡའོ་ཡིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་འཇར་པན་གྱིས་བཙན་བསྡུ་བྱས་པའི་ངལ་རྩོལ་བཟོ་བའི་གནོད་ཐེབས་མཁན་གྱི་སྐྱིན་ཚབ་གནད་དོན་སྐོར་གྱི་ཐག་གཅོད་ཇུས་གཞི་བཏོན་པ་དང་། ཧན་གོའི་སྲིད་གཞུང་གིས་ཧན་གོའི་སྲིད་འཛིན་བདེ་འཇགས་པུའུ་ཡི་ཁོངས་སུ་གཏོགས་པའི་ནོར་སྲིད་ཚོགས་པས་མ་དངུལ་བསྡུས་ནས་འཇར་པན་གྱི་ཁེ་ལས་ཚབ་ཏུ་སྐྱིན་ཚབ་མ་དངུལ་སྤྲོད་རྒྱུ་ཐག་བཅད། དེ་ལས་ཐེངས་འདིའི་མགོ་གཙོའི་གྲོས་མོལ་ལ་རྨང་གཞིར་བཏང་ཡོད་པ་རེད།
ཉིན་དེར་འཇར་པན་གྱི་མང་ཚོགས་མི་ཉུང་བ་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་གི་ཉེ་འདབས་སུ་ཡོང་ནས་འཇར་པན་དང་ཧན་གོའི་སྲིད་གཞུང་གིས་གནོད་ཐེབས་མཁན་སྣང་མེད་དུ་བསྐྱུར་བར་ངོ་རྒོལ་བྱས་པ་དང་། འཇར་པན་གྱི་ཁེ་ལས་དང་སྲིད་གཞུང་གིས་བཙན་བསྡུ་བྱས་པའི་ངལ་རྩོལ་པར་དགོངས་དག་ཞུས་ནས་སྐྱིན་ཚབ་སྤྲོད་དགོས་པའི་འབོད་སྐུལ་བཏང་། དེའི་ཞོར་དུ་ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱིས་དམག་དོན་མནའ་མཐུན་ལ་ཤུགས་སྣོན་བྱེད་པར་ངོ་རྒོལ་བྱེད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།