འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཁོར་ཡུག་སྲིད་ཇུས་ཀྱི་ཉོ་ཚོང་ཤུགས་རྐྱེན་ལ་གྲོས་བསྡུར་བྱས་པ་དང་ཀྲུང་གོའི་གྲོས་གཞིར་ཀུན་གྱིས་དོ་སྣང་བྱས།
2023.03.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚོགས་ཡུན་ཉིན་གཉིས་ཡིན་པའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཉོ་ཚོང་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་དངོས་གཞིའི་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་མཇུག་སྒྲིལ། གྲོས་ཚོགས་སྐབས་སུ། ཕྱོགས་སོ་སོས་ཁོར་ཡུག་སྲིད་ཇུས་ཀྱི་ཉོ་ཚོང་ཤུགས་རྐྱེན་ཐད་ནས་གྲོས་བསྡུར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཐཱན་མཐའ་མཚམས་མཐུན་སྦྱོར་རྐྱེན་སྲོལ་ཐད་ནས་ཕྱོགས་མང་བོའི་ཆེད་དོན་གྲོས་བསྡུར་སྤེལ་བར་རེ་བཏོན་པའི་གྲོས་གཞིར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་མང་བས་རྒྱ་ཆེར་དོ་སྣང་བྱས།

ཀྲུང་གོ་ཕྱོགས་ཀྱི་གྲོས་གཞི་ལས་བསྟན་དོན། ཉོ་ཚོང་སྲིད་ཇུས་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོས་ཁོར་ཡུག་སྲིད་ཇུས་ལག་བསྟར་བྱེད་པའི་ཡོ་བྱད་དུ་གྱུར་ཡོད་པ་དང་། ཁོར་ཡུག་སྲིད་ཇུས་བྱེད་ཐབས་ལ་འབྲེལ་བའི་ཉོ་ཚོང་གནད་དོན་རེ་འགར་རྩོད་གླེང་བྱུང་ཡོད། དེའི་ནང་བྱེད་ཐབས་རེ་འགས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་རྐྱེན་སྲོལ་གླེང་ཡོད་པ་དང་། བྱེད་ཐབས་རེ་འགས་ཉོ་ཚོང་རྩ་འཛུགས་ཀྱི་འབྲེལ་ཡོད་རྒྱུན་སྲོལ་ཚོགས་འདུ་དང་གྲོས་ཞིབ་རྐྱེན་སྲོལ་ནས་ཡང་དང་བསྐྱར་དུ་གླེང་མྱོང་ཡོད།

ཀྲུང་གོ་ཕྱོགས་ཀྱི་གྲོས་གཞི་ལས་འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་སྟེགས་བུར་བྱས་ཏེ། ཁོར་ཡུག་སྲིད་ཇུས་དང་འབྲེལ་བའི་ཉོ་ཚོང་གི་ནང་དོན་དང་དེའི་ཤུགས་རྐྱེན་ཐད་ནས་ཕྱོགས་མང་བོའི་ཆེད་དོན་གྲོས་བསྡུར་སྤེལ་བ་དང་། ཤུགས་རྐྱེན་ཆེ་བ་དང་ཁོངས་གཏོགས་རྒྱལ་ཁབ་དོ་སྣང་བྱེད་ཚད་མཐོ་བའི་ཁོར་ཡུག་སྲིད་ཇུས་དང་བྱེད་ཐབས་གཙོ་གནད་དུ་འཛིན་དགོས་པའི་འབོད་སྐུལ་བཏང་།

ནོར་ཝེ་དང་ཧྥེ་ལེ་པེན། སིང་ག་ཕོར། རྒྱ་གར། པཱ་ཞི་སོགས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་བསྟན་དོན། ཀྲུང་གོའི་གྲོས་གཞི་དེར་འཛུགས་སྐྲུན་རང་བཞིན་ལྡན་ཟེར། རྒྱ་གར་གྱིས་ད་རུང་བསྟན་དོན། ཀྲུང་གོའི་གྲོས་གཞི་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྐབས་བཅུ་གཉིས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་དབང་གཏོང་དང་འཚམ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།