ཀྲུང་གོ་དང་ཐུར་ཁེའི་སྡེ་ཚོགས་ཀྱིས་རོ་མཱ་ནེ་ཡཱའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ལས་གཞིར་མིང་བཀོད།
2023.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཀྲུང་གོའི་ཤིང་རྡོ་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟི་ཡིས་ཚེས་བཅུ་དྲུག་ཉིན་རོ་མཱ་ནི་ཡཱའི་རྒྱལ་ཁབ་གཞུང་ལམ་རྨང་གཞིའི་སྒྲིག་ཆས་དོ་དམ་ཀུང་ཟིའི་བར་པུའུ་ཅཱ་ལེ་སི་ཐིའི་མཁར་མཐའ་བསྐོར་བའི་མྱུར་བགྲོད་གཞུང་ལམ་གྱི་བྱང་ལམ་དམིགས་ཚད་གསུམ་པའི་ཇུས་འགོད་བཟོ་སྐྲུན་ལས་གཞིའི་གན་རྒྱ་དངོས་སུ་བཀོད། དེ་ནི་ཀྲུང་གོའི་ཀུང་ཟི་ཡིས་ཐོག་དང་པོར་རོ་མཱ་ནི་ཡཱ་ནས་འཛུགས་སྐྲུན་བྱེད་པའི་མྱུར་བགྲོད་གཞུང་ལམ་རེད།

རོ་མཱ་ནི་ཡཱའི་ཙུང་ལི་གཞོན་པའམ་འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་ཆས་ཀྱི་པུའུ་ཀྲང་སོ་ལིན་ཀི་ལིན་ཏའེ་ཡཱ་ནོའུ་ཡིས་ལས་གཞིའི་གན་རྒྱ་དེ་བཀོད་པར་བདེན་དཔང་བྱས། ཁོས་བསྟན་དོན། དམིགས་ཚད་གསུམ་པའི་ལས་གཞི་དེ་རོ་མཱ་ནི་ཡཱའི་རྒྱལ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། ལས་གཞི་དེ་མྱུར་མོར་ཕན་ནུས་ལྡན་པར་ཡོངས་འགྲུབ་བྱས་ནས་བདེ་བླག་ངང་རླངས་འཁོར་གཏོང་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།

པུའུ་ཅཱ་ལེ་སི་ཐིའི་མཁར་མཐའ་བསྐོར་བའི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་བརྒྱ་དང་བརྒྱད་ཡོད་པ་དང་། ཀྲུང་གོའི་ཤིང་རྡོ་བཟོ་སྐྲུན་སྡེ་ཚོགས་ཀྱིས་ཐེངས་འདིར་བཀོད་པའི་དམིགས་ཚད་གསུམ་པའི་རིང་ཚད་ལ་སྤྱི་ལེ་བརྒྱད་དང་གྲངས་ཆུང་བརྒྱད་ཡོད་པ་དང་། ཇུས་འགོད་ཀྱི་མྱུར་ཚད་སྤྱི་ལེ་བརྒྱ་དང་ཉི་ཤུ་ནས་བརྒྱ་དང་བཞི་བཅུ་ཡིན་ལ། ཕྱོགས་གཉིས་སུ་རྒྱུ་ལམ་བཞི་ཡོད། ལམ་འགྲམ་དུ་ཟམ་པ་ཆེ་ཆུང་མི་འདྲ་བ་བསྡོམས་པས་བདུན་ཡོད་ལ། ཡོ་རོབ་གླིང་གི་ཚད་གཞི་ལྟར་ལས་དགོས། གན་རྒྱའི་ལས་ཡུན་ཟླ་ངོ་སུམ་ཅུ་ཡིན་པ་དང་། དེའི་ནང་ཟླ་ངོ་བཅུ་གཉིས་ལ་ཇུས་འགོད་དང་ཟླ་ངོ་བཅོ་བརྒྱད་རིང་འཛུགས་སྐྲུན་བྱེད་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།