ཁྲའོ་ཞན་གྱིས་གླིང་ཆེན་བར་གྱི་འཕུར་མདའ་གཏོང་འཕེན་བྱེད་པའི་སྦྱོང་བརྡར་བྱ་འགུལ་གྱིས་ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་སྦྱོང་བརྡར་ལ་ཡང་བསྐྱར་ཉེན་བརྡ་བཏང་།
2023.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་བཅུ་དྲུག་ཉིན་གླིང་ཆེན་བར་གྱི་འཕུར་མདའ་གཏོང་འཕེན་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། དམིགས་ཡུལ་ནི་རྒྱལ་ཁབ་རང་གི་འཐབ་ཇུས་དམག་དཔུང་གི་སྟོབས་དང་ལྡན་པའི་ཕྱིར་རྒོལ་རྣམ་པ་མངོན་པར་བྱས་ཏེ། ཨ་མེ་རི་ཁ་དང་ཧན་གོས་ཁྲའོ་ཞན་ཕྱེད་གླིང་ནས་དཀྲུག་འཕེན་དང་བཙན་འཛུལ་གྱི་ངོ་བོ་ཆེས་ཆེར་ལྡན་པའི་གཞི་རྒྱ་ཆེ་བའི་འཐབ་འཁྲུག་སྦྱོང་བརྡར་སྤེལ་བར་རྒོལ་ལན་སྤྲོད་ཆེད་ཡིན་པ་རེད། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཡུལ་དངོས་ནས་འཕུར་མདའི་གཏོང་འཕེན་སྦྱོང་བརྡར་ལ་མཛུབ་སྟོན་བྱས།

བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་བཅུ་དྲུག་ཉིན་ཕེན་རང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་གླིང་ཆེན་བར་གྱི་འཕུར་མདའ་ཞིག་གཏོང་འཕེན་བྱས་པ་དང་། འཕུར་མདའ་དེའི་འཕུར་སྐྱོད་ཀྱི་མཐོ་ཚད་སྤྱི་ལེ་སྟོང་དྲུག་ལས་བརྒལ་ཡོད་པ་དང་འཕུར་སྐྱོད་ཀྱི་བར་ཐད་སྤྱི་ལེ་སྟོང་གཅིག་ཙམ་རེད། འཕུར་མདའ་དེ་མཇུག་མཐར་ཁྲའོ་ཞན་ཤར་ཕྱོགས་ཀྱི་ཐུན་མོང་མཚོ་ཁོངས་ཀྱི་དམིགས་སའི་གནས་སུ་ལྷུང་བ་རེད་ཟེར།

ཅིན་ཀྲིན་ཨིན་གྱིས་བསྟན་དོན། ཐེངས་འདིའི་སྦྱོང་བརྡར་ལས་ཁྲའོ་ཞན་གྱི་ཉིང་རྡུལ་འཐབ་ཇུས་ཀྱི་དྲག་ཆས་སྟོབས་ཤུགས་ཀྱི་འཁོར་སྐྱོད་མ་ལག་གི་བློ་གཏད་རང་བཞིན་ཡང་བསྐྱར་བདེན་དཔང་བྱས་ཡོད་ཟེར། ཁོས་ཁྲའོ་ཞན་ཕྱོགས་ཀྱིས་ཉིང་རྡུལ་ནུས་པས་ཉིང་རྡུལ་ནུས་པར་དམིགས་པ་དང་དྲང་ཕྱོགས་ནས་གདོང་གཏད་དེ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་འཛིན་པ་བསྐྱར་སྒྲོག་བྱས་པར་མ་ཟད། འཐབ་ཇུས་དྲག་ཆས་སྟོབས་ཤུགས་ཀྱི་འཕྲལ་བསྟུན་ནུས་པ་སྲུང་འཛིན་བྱས་ནས། དྲག་ཆས་འཁྲུག་རྩོད་དང་འཐབ་འཁྲུག་གང་རུང་ཚོད་འཛིན་བྱེད་དགོས་པ་ནན་གྱིས་བསྟན།

ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཚེས་བཅུ་བཅུ་བདུན་ཉིན་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ་ཏེ། ཐེངས་འདིའི་འཕུར་མདའི་གཏོང་འཕེལ་སྦྱོང་བརྡར་ལ་སྔོན་བརྡའི་དོན་སྙིང་མངོན་གསལ་ལྡན་ཟེར། རྩོམ་ཡིག་ལས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་དྲག་ཆས་སྟོབས་ཤུགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་དྲངས་ནས་བཤད་རྒྱུར། རྒྱལ་ཁབ་དེའི་ཉིང་རྡུལ་ནུས་པའི་དྲག་ཆས་སྟོབས་ཤུགས་དེ་བརྡ་ཁྱབ་ཙམ་མིན་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་བཀའ་རྒྱའི་ཁྲིམས་སྲོལ་དེ་གཞིར་བཟུང་ནས་རང་གི་བདག་དབང་དང་བདེ་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། རྩོམ་ཡིག་ལས་ཨ་མེ་རི་ཁ་ཕྱོགས་ཀྱིས་མྱུར་དུ་ཁྲའོ་ཞན་ལ་རྒོལ་བའི་དམག་དོན་དཀྲུག་འཕེན་དང་འཐབ་འཁྲུག་སྦྱོང་བརྡར་གྱི་ཐ་ཤལ་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་ནས་བཟུང་རང་དབང་གི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་དངོས་སུ་སྤེལ་མགོ་བརྩམས་པ་དང་། ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། དམག་དོན་སྦྱོང་བརྡར་དེ་ཟླ་འདིའི་ཚེས་ཉེར་གསུམ་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་མཉམ་འབྲེལ་འགོག་སྲུང་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་རོགས་ལས་ནུས་པར་ཤུགས་སྣོན་པའི་ཆེད་དུ་ཡིན་ཟེར། ཉེ་སྔོན་ཁྲའོ་ཞན་ཕྱོགས་ཀྱིས་ཡང་དང་བསྐྱར་དུ་ཉེན་བརྡ་གཏོང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།