ཨིག་ཀྭ་ཏོར་ལྷོ་ནུབ་ཕྱོགས་ཀྱི་བཀའ་ཡཱ་སི་ཞིང་ཆེན་གྱི་མཚོ་འགྲམ་ས་ཁུལ་དུ་ཚེས་བཅོ་བརྒྱད་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་ཡོམ་བྱུང་བ་དང་། རྒྱལ་ས་ཅི་ཏའོ་དང་གྲོང་ཁྱེར་གཙོ་བོ་བཀའ་ཡཱ་ཅི། དེ་མིན་ཞིང་ཆེན་མང་བོར་ས་ཡོམ་གྱི་ཚོར་སྣང་བྱུང་ཡོད། མིག་སྔར་མི་སྣར་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཨིག་ཀྭ་ཏོར་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་དེ་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་བཅུ་གཉིས་དང་སྐར་མ་བཅུ་གཉིས་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་བཀའ་ཡཱ་སི་ཞིང་ཆེན་གྱི་པཱ་ལའོ་གྲོང་ཁྱེར་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉེར་དགུའི་མཚམས་སུ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ཞེ་བཞི་ཡོད།
དེའི་རྗེས་སུ་ས་ཡོམ་བྱུང་སའི་གནས་གཙོ་བོའི་ཉེ་འདབས་སུ་ས་ཡོམ་ཆུང་བ་ཐེངས་འགར་བྱུང་བ་རེད། ཨིག་ཀྭ་ཏོར་འབྲེལ་ཡོད་སྡེ་ཁག་གིས་ས་ཡོམ་དེ་ལས་རྒྱ་མཚོ་འཕྱུར་བའི་ཉེན་ཁ་མེད་པ་ཁྱབ་བསྒྲགས་བྱས།
གཞན་ཡང་ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་རེ་དྲུག་ཡོད་ཟེར།
ཨིག་ཀྭ་ཏོར་ཞི་བདེ་རྒྱ་མཚོས་བསྐོར་བའི་ས་ཡོམ་མང་བའི་གནས་སུ་ཡོད་པ་དང་། ས་ཡོམ་དང་མེ་རི་འཕྱུར་བའི་གནོད་པ་རྒྱུན་དུ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།