ཀྲུང་གོས་སིང་གེ་པཱ་ཨར་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཐེངས་སོ་གཉིས་པས་ཚེས་བཅུ་བདུན་ཉིན་ཐན་སིང་ནི་ཡཱའི་སིང་གེ་པཱ་ཨར་འཕྲོད་བསྟེན་པུའུ་ལ་སྨན་བཅོས་ཡོ་བྱད་སོགས་ཞལ་འདེབས་སུ་ཕུལ།
ཞལ་འདེབས་འབུལ་བའི་མཛད་སྒོ་ཉིན་དེར་སིང་གེ་པཱ་ཨར་གྱི་ནཱ་ཙི་མའོ་ཅཱ་སྨན་ཁང་ནས་སྤེལ། ཞལ་འདེབས་དངོས་རྫས་དེའི་ནང་རང་འགུལ་གྱི་གློག་ཀླད་ལྟ་ཞིབ་དཔྱད་ཆས་དང་སྨན་བཅོས་ཡོ་བྱད། སྨན་རྫས་སོགས་འདུས་ཡོད་ཟེར།
སིང་གེ་པཱ་ཨར་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་མཱ་ཙི་ལུའུ་དབྱེ་ཡིས་ཀྲུང་གོས་དུས་ཡུན་རིང་བོའི་ཚུན་ལ་སིང་གེ་པཱ་ཨར་གྱི་སྨན་བཅོས་ཐད་རོགས་རམ་བྱས་པར་བཀའ་དྲིན་ཞུས། མཱ་ཙི་ལུའུ་དབྱེ་ཡིས་བསྟན་དོན། ཀྲུང་གོའི་སྨན་བཅོས་རུ་ཁག་གི་བླ་མེད་ཀྱི་ཀུན་སྤྱོད་དང་རྩེར་སོན་གྱི་ལག་རྩལ། དཀའ་སྤྱད་ཀྱི་རྣམ་འགྱུར་བཅས་ལ་ས་དེའི་སྨན་བཅོས་མི་སྣ་དང་ནད་པའི་བརྩི་འཇོག་ཐོབ་ཡོད། སིང་གེ་པཱ་ཨར་གྱི་སྨན་ཁང་གིས་ཞལ་འདེབས་དངོས་རྫས་དེ་དག་བཀོལ་ནས་སྔར་ལས་ལྷག་པའི་སྒོ་ནས་ནད་སྐྱོབ་སྨན་བཅོས་བྱེད་རྒྱུ་ཡིན་ཟེར།
སིང་གེ་པཱ་ཨར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་དཔོན་པོ་ཀྲང་ཀྲི་ཧྲིན་གྱིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་གཅིག་སྟོང་དགུ་བརྒྱ་རེ་བཞི་ལོ་ནས་བཟུང་སིང་གེ་པཱ་ཨར་དུ་སྨན་བཅོས་རུ་ཁག་མངག་གཏོང་བྱས་པ་དང་། དུས་ཡུན་རིང་བོར་སྨན་བཅོས་དངོས་རྫས་འདོན་སྤྲོད་བྱས། མ་འོངས་པར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སིང་གེ་པཱ་ཨར་གྱི་སྨན་བཅོས་དང་སྤྱི་བའི་འཕྲོད་བསྟེན་ལས་དོན་ལ་རྒྱབ་སྐྱོར་གང་ལེགས་བྱས་ཏེ། སིང་གེ་པཱ་ཨར་མི་དམངས་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།