མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཡང་བསྐྱར་ཇེ་རིང་དུ་བཏང་།
2023.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ནས། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཡང་བསྐྱར་ཇེ་རིང་དུ་བཏང་ཟེར།

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་བཀོད་པའི་ཚུན་ལ། རྒྱལ་ཁབ་བཞི་བཅུ་ལྷག་ལ་འབྲུ་རིགས་ཏུན་བྱེ་བ་གཉིས་དང་ས་ཡ་ལྔ་ལྷག་ཕྱིར་འདྲེན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་ཇེ་མཐོར་འགྲོ་བར་སྔོན་འགོག་དང་ཚོང་རའི་གཏན་འཇགས་ཐད་ནུས་པ་གལ་ཆེན་བཏོན་ཡོད།

ཏིས་ཡཱ་ལི་ཁི་ཡིས་ཐུར་ཁེའི་སྲིད་གཞུང་གིས་གྲོས་མཐུན་དེར་ཕྱི་འབྲེལ་དང་ཚོང་གཉེར་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་ཀྱང་། གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཡང་བསྐྱར་ཇེ་རིང་དུ་བཏང་བའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད།

གཞན་ཡང་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་དེ་ཉིན་དྲུག་ཅུས་ཇེ་རིང་དུ་གཏོང་བར་འཐད་པ་ཡིན་ལ། གྲོས་མཐུན་དེའི་འབྲེལ་ཡོད་ཕྱོགས་ལ་བརྡ་བཏང་ཡོད་ཟེར།

ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གནད་དོན་ཐད་ནས་སོ་སོར་ཐུར་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་བར་འབྲེལ་ཡོད་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་གྱི་ནུས་ལྡན་ཡུན་ཚད་ཉིན་བརྒྱ་དང་ཉི་ཤུ་རེད། དེའི་རྗེས་སུ་འབྲེལ་ཡོད་ཕྱོགས་ཀྱིས་གྲོས་མཐུན་དེ་ཉིས་སྟོང་ཉེར་བརྒྱད་ལོའི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་བར་ཉིན་བརྒྱ་དང་ཉི་ཤུས་ཇེ་རིང་དུ་གཏོང་བར་འཐད་པ་བྱུང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།