ཧེ་ཧྲན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཚེས་བཅུ་དགུ་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། ད་ལྟའི་ཙུང་ཐུང་ཅིག་ཁཱ་ནོའུ་ཝེ་ཆི་དང་བཅས་པའི་འདེམ་སྒུག་མི་སྣ་བདུན་འདེམ་བསྐོའི་བྱ་འགུལ་ལ་ཞུགས་ཡོད།
ཧེ་ཧྲན་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཧེ་ཧྲན་དུ་ཐོ་འགོད་བྱས་པའི་འདེམ་དམངས་འབུམ་ལྔ་དང་ཁྲི་བཞི་ལས་བརྒལ་བ་དང་། གྲོང་ཁྱེར་ཉེར་ལྔའི་འདེམ་ཤོག་འཕེན་ས་ཉིས་བརྒྱ་དང་བདུན་ནས་འདེམ་ཤོག་འཕངས་ཆོག འདེམ་ཤོག་འཕེན་པའི་དུས་ཚོད་ནི་ཚེས་བཅུ་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་དགོང་མོའི་དུས་ཚོད་བརྒྱད་བར་རེད།
ཧེ་ཧན་གྱི་བཅའ་ཁྲིམས་གཏན་འཁེལ་ལྟར་ན། གལ་ཏེ་འདེམ་སྒུག་མི་སྣ་གང་རུང་ལ་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་ཤོག་མ་ཐོབ་ན། འདེམ་ཤོག་ཐོབ་ཚད་ཆེས་མཐོ་བའི་མི་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་དགོས་པ་ཡིན་ལ། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་བཞི་བའི་ཚེས་གཉིས་ཉིན་སྤེལ་རྒྱུ་རེད། དམངས་ཀྱི་འདོད་བློའི་རྟོག་ཞིབ་མཇུག་འབྲས་གསར་བ་ལྟར་ན། ཅིག་ཁཱ་ནོའུ་ཝེ་ཆི་ཡི་རྒྱབ་སྐྱོར་ཀྱི་ཚབ་བརྒྱ་ཆའི་བཞི་བཅུ་ཡིན་པ་དང་། འདེམ་སྒུག་པ་གཞན་པ་ལས་ལྷག་པར་མངོན།
ཧེ་ཧྲན་ནི་ཡོ་རོབ་གླིང་གི་པཱ་ཨར་ཀན་ཕྱེད་གླིང་གི་ཡཱ་ཏི་ལི་ཡཱ་མཚོ་འགྲམ་ས་ཁུལ་དུ་གནས་པ་དང་། ཉིས་སྟོང་དྲུག་ལོར་རང་བཙན་བྱས་པ་ཡིན་ལ། ཉིས་སྟོང་བཅུ་ལོར་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་ཐོབ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།