ཧཱ་སག་སི་ཐན་གྱིས་ཚེས་བཅུ་དགུ་ཉིན་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། གྲོས་མིའི་ལས་གནས་གོ་བརྒྱད་ལ་འགྲན་རྩོད་བྱས།
ཐེངས་འདིའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད་བརྒྱད་སྟེང་མཇུག་སྒྲིལ། ཧཱ་སག་སི་ཐན་མངའ་ཁོངས་ཕྱི་ནང་དུ་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་ཉིས་བརྒྱ་སོ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། ཐོ་འགོད་བྱས་པའི་འདེམ་དམངས་ཀྱི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ཙམ་རེད། རྒྱལ་ཁབ་ཞེ་གཅིག་དང་རྒྱལ་སྤྱིའི་རྩ་འཛུགས་བཅུ་གཉིས་ནས་ཡོང་བའི་རྒྱལ་སྤྱིའི་ལྟ་ཞིབ་པ་བདུན་བརྒྱ་དང་གོ་གསུམ་བརྒྱུད་རིམ་ཧྲིལ་བོའི་འདེམ་བསྐོའི་ལྟ་རྟོག་བྱ་བར་ཞུགས།
བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་དེར་མཉམ་འདྲེས་འདེམ་བསྐོའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་ལ། སྲིད་ཏང་གི་བསྡུར་ཚད་ལམ་ལུགས་དང་གཅིག་རྐྱང་འདེམ་ཁུལ་ལམ་ལུགས་ཟུང་འབྲེལ་བྱེད་རྒྱུ་རེད། ལས་གནས་གོ་བརྒྱད་ཁྲོད་རེ་དགུ་སྲིད་ཏང་བདུན་གྱི་འདེམ་སྒུག་པ་ཉིས་བརྒྱ་དང་གྱ་གཅིག་ཁྲོད་ནས་འདེམ་རྒྱུ་ཡིན་པ་དང་། དེའི་འཕྲོའི་ལས་གནས་ཉེར་དགུ་བོ་གཅིག་རྐྱང་འདེམ་ཁུལ་ནས་གདམ་དགོས་པ་རེད།
ཨ་ཐཱ་མཱེ་ཁུན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཕིས་ཏི་ལོ་ཧྥུའུ་ཡིས་ཉིན་དེར་བསྟན་དོན། འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་བ་བདེ་བླག་ངང་མཇུག་སྒྲིལ་བ་དང་། འདེམ་ཤོག་རྩིས་ལེན་བྱ་བ་མགོ་བརྩམས་ཡོད་ལ། ཐོག་མའི་མཇུག་འབྲས་དེ་ཚེས་ཉི་ཤུ་ཉིན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།
ཧཱ་སག་སི་ཐན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། ཧཱ་སག་སི་ཐན་གྲོས་ཁང་ཞོལ་མར་བསྡོམས་པས་ལས་གནས་གོ་བརྒྱད་ཡོད་པ་དང་། ཚང་མ་མཉམ་འདྲེས་འདེམ་བསྐོའི་ལམ་ལུགས་ལ་བརྟེན་ནས་འདེམ་བསྐོ་བྱེད་པ་ཡིན་ལ། གྲོས་ཁང་ཞོལ་མའི་གྲོས་མིའི་འགན་ཡུན་ལོ་ངོ་ལྔ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།