ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨེ་ཅིབ་དང་ཐུར་ཁེའི་བར་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱེད་པའི་ཆབ་སྲིད་རེ་འདུན་ཡོད་པའི་ཚུལ་བསྟན།
2023.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ལོ་མང་བོར་འབྲེལ་བ་ཛ་དྲག་ཏུ་གྱུར་རྗེས། ཨེ་ཅིབ་དང་ཐུར་ཁེའི་མགོ་ཁྲིད་པར་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱེད་པའི་ཆབ་སྲིད་འདུན་ཡོད་ཟེར།

ཧྲུའུ་ཁའེ་ལི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཅཱ་ཝུའུ་ཧྲི་ཨོ་ལུའུ་དང་མཉམ་དུ་ཁེ་རོ་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་མཉམ་དུ་གསར་འགོད་པར་སྣེ་ལེན་བྱེད་སྐབས་ཧྲུའུ་ཁའེ་ལི་ཡིས་བསྟན་དོན། ཁོ་དང་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པའི་ལས་རིམ་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་འོས་འཚམ་གྱི་དུས་ཚོད་ནང་ཕན་ཚུན་བར་གཞུང་ཚབ་པ་ཡང་བསྐྱར་མངག་གཏོང་བྱེད་རྒྱུ་ཡིན་ཟེར།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོའི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཆེད་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡིས་མཉམ་ལས་ཟབ་མོ་བྱས་ཏེ་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་པར་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར།

ཉིས་སྟོང་བཅུ་གསུམ་ལོར་ཨེ་ཅིབ་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞིའི་གོ་གནས་བླངས་རྗེས། ཨེ་ཅིབ་དང་ཐུར་ཁེའི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་དེའི་རྗེས་སུ་ཕྱི་འབྲེལ་འབྲེལ་བའི་རིམ་པ་ཇེ་དམའ་རུ་བཏང་བ་རེད། ཐུར་ཁེ་དང་ཨེ་ཅིབ་ཀྱིས་ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་ མཐོ་རིམ་ཕྱི་ཕྱོགས་དཔོན་པོའི་གྲོས་མོལ་བྱེད་མགོ་བརྩམས། ཁྱད་པར་དུ་ཉེ་བའི་ཟླ་ངོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མངོན་གསལ་གྱིས་ཇེ་བཟང་དུ་སོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་འདྲིས་ཇེ་མང་དུ་སོང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།