ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་ཆེན་མོ་བར་གྱི་འཆམ་མཐུན་དང་གསར་གཏོད་རང་བཞིན་ལྡན་པའི་མཉམ་ལས་ཀྱི་མིག་དཔེ་ཡིན་པའི་ཚུལ་བསྟན།
2023.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་མ་བྱས་གོང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉི་ཤུ་ཉིན་མི་དམངས་ཉིན་རེའི་པར་ཚགས་སྟེང་ཁ་ཡིག་ལ་ཨུ་རུ་སི་དང་ཀྲུང་གོའི་མ་འོངས་པར་ཁ་ཕྱོགས་པའི་གྲོགས་པོའི་འབྲེལ་བ་ཞེས་པའི་མིང་བཀོད་རྩོམ་ཡིག་སྤེལ་ཏེ། མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ལ་གུས་འདུད་ཞུས་པ་དང་། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་ཆེན་མོའི་བར་གྱི་འཆམ་མཐུན་དང་གསར་གཏོད་རང་བཞིན་ལྡན་པའི་མཉམ་ལས་ཀྱི་མིག་དཔེ་ཡིན་པའི་ཚུལ་བསྟན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་གྲོས་མོལ་བྱས་ཏེ། ཕན་ཚུན་བར་གྱི་ཕྱོགས་སོ་སོའི་རོགས་ལས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཕུའུ་ཅིན་གྱིས་རྩོམ་ཡིག་ནང་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲིར་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་ལས་ཨུ་རུ་སི་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བར་དམིགས་བསལ་རང་བཞིན་ལྡན་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གྱི་བདག་དབང་དང་ཁེ་ཕན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་བཙུགས་ཡོད་པ་ཡང་བསྐྱར་བདེན་དཔང་བྱས་ཡོད་ཟེར།

རྩོམ་ཡིག་ལས་བཤད་རྒྱུར། ལོ་ངོ་བཅུའི་རིང་ལ། སྲ་ཞིང་བརྟན་པའི་ཨུ་རུ་སི་དང་ཀྲུང་གོའི་མཛའ་བརྩེ་ལ་བསྟུད་མར་ཤུགས་སྣོན་ཐོབ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མི་རྣམས་ཧ་ལས་པར་གྱུར་ཡོད་ལ། ལོ་རྒྱུས་སྟེང་ཆེས་མཐོ་བའི་ཆུ་ཚད་དུ་བསླེབས་ནས་མུ་མཐུད་དུ་སྲ་བརྟན་དང་དར་རྒྱས་སུ་སོང་ཡོད། རྒྱལ་ཁབ་གཉིས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་པའི་ཆབ་སྲིད་གྲོས་མོལ་བཙུགས་ཡོད་ལ། ཕྱོགས་ཡོངས་ཀྱི་དུས་རབས་གསར་བའི་འཐབ་ཇུས་རོགས་ལས་ཤིག་ཡིན་ཟེར།

རྩོམ་ཡིག་ལས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་སྒོ་འབྱེད། བཟོད་སྒོམ། རྒྱལ་ཁབ་གསུམ་པའི་མི་དམིགས་པའི་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་མ་ལག་ཅིག་འཛུགས་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།

རྩོམ་ཡིག་ལས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་ཆེན་མོའི་བར་གྱི་འཆམ་མཐུན་དང་གསར་གཏོད་རང་བཞིན་ལྡན་པའི་མཉམ་ལས་ཀྱི་མིག་དཔེ་ལྟ་བུ་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འཐབ་ཇུས་གདམ་གསེས་རྨང་གཞིར་བྱས་པའི་ཨུ་རུ་སི་དང་ཀྲུང་གོའི་མཛའ་བརྩེ་དང་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་ཇེ་དྲག་ཏུ་སོང་ནས། ཨུ་རུ་སི་དང་ཀྲུང་གོ་སྔར་ལས་བདེ་སྐྱིད་ལྡན་པ་དང་དར་རྒྱས་འབྱུང་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།