ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། མའོ་སི་ཁོ་ཡི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྟེང་མཉམ་དུ་མིང་བཀོད་ནས་སྤེལ།
ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཕྱོགས་གཉིས་ཀྱིས་བལྟས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་པར་འདོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོའི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་དངོས་ཡོད་དང་དྲང་བདེན་གྱི་ལངས་ཕྱོགས་ལ་གདེང་འཇོག་ཆེན་པོ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་དང་རྒྱལ་ཁབ་སྡེ་ཚོགས་གང་རུང་གིས་དམག་དོན་དང་ཆབ་སྲིད། དེ་མིན་ཁྱད་སྟོབས་གཞན་པ་འཚོལ་ཞིབ་བྱེད་ཆེད་རྒྱལ་ཁབ་གཞན་པའི་ལུགས་མཐུན་བདེ་འཇགས་ཁེ་ཕན་ལ་གནོད་པ་གཏོང་བར་ངོ་རྒོལ་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་མྱུར་མོར་ཞི་བའི་གྲོས་མོལ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དོན་དེར་གཟེངས་བསྟོད་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་འདོད་ཡོད་པར་དགའ་བསུ་ཞུས་པ་དང་། ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཀྲུང་གོའི་ལངས་ཕྱོགས་ཞེས་པའི་ཡིག་ཆའི་ཁྲོད་རྒྱས་བཤད་བྱས་པའི་འཛུགས་སྐྲུན་རང་བཞིན་ལྡན་པའི་འདོད་བློར་དགའ་བསུ་ཞུས། ཕྱོགས་གཉིས་ཀྱིས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་ན་ངེས་པར་དུ་རྒྱལ་ཁབ་སོ་སོའི་ལུགས་མཐུན་བདེ་འཇགས་ཐད་ཀྱི་སེམས་ཁུར་ལ་བརྩི་འཇོག་བྱེད་དགོས་པ་དང་། སྒར་སའི་འགལ་བའི་རྣམ་པ་ཆགས་ནས་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། འགན་ཁུར་བའི་གྲོས་མོལ་ནི་གནད་དོན་ཐག་གཅོད་གང་ལེགས་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཡིན། དེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲེལ་ཡོད་ཀྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱ་བར་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་ཀྱིས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བ་དང་། འཐབ་འཁྲུག་ལ་འགོར་འགྱངས་བྱེད་པའི་བྱ་སྤྱོད་ཡོད་ཚད་མཚམས་བཞག་སྟེ། ཉམས་ཉེན་དེ་སྔར་ལས་ཇེ་སྡུག་ཏུ་འགྲོ་བའམ་ཡང་ན་ཚོད་འཛིན་བྱེད་ཐབས་མེད་པར་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་ཐོབ་མེད་པའི་ཕྱོགས་གཅིག་བཀག་སྡོམ་གང་རུང་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།