ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པུའུ་ལིང་ཕིས་ཝེ་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། རྒྱལ་དམངས་གྲོས་ཁང་གིས་ཉིན་དེར་འདེམ་ཤོག་འཕངས་ནས་ངོ་རྒོལ་ཏང་གིས་བཏོན་པའི་སྲིད་གཞུང་ལ་ཡིད་མི་ཆེས་པའི་ཇུས་གཞི་གཉིས་ལ་ཁས་ལེན་མ་བྱས་པ་དང་། དེ་ལས་སྲིད་གཞུང་གིས་བཏོན་པའི་ལས་འཁྱུར་ངལ་གསོའི་ལམ་ལུགས་ཀྱི་བཅོས་སྒྱུར་ཐབས་ཇུས་ལ་རྒྱལ་དམངས་གྲོས་ཁང་ནས་གྲོས་འཆམ་བྱུང་བ་མཚོན་ཡོད་ཟེར།
ཧྥ་རན་སིའི་ཙུང་ལི་པའོ་ཨར་ནེ་ཡིས་ཟླ་དང་པོའི་ནང་སྲིད་གཞུང་གི་ལས་འཁྱུར་ངལ་གསོའི་ལམ་ལུགས་ཀྱི་བཅོས་སྒྱུར་ཐབས་ཇུས་ཁྱབ་བསྒྲགས་བྱས་པ་དང་། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་ཐབས་ཇུས་དེར་འདེམ་ཤོག་འཕངས་ནས་བརྡས་ཐག་གཅོད་དགོས་ལ། ཐབས་ཇུས་དེར་ཕྱེད་གྲངས་བརྒལ་བའི་གྲོས་མིའི་རྒྱབ་སྐྱོར་ཐོབ་ན་ད་གཟོད་གྲོས་འཆམ་འབྱུང་ཐུབ། བཅོས་སྒྱུར་ཐབས་ཇུས་ལ་ངོ་རྒོལ་བྱེད་པའི་སྐད་སྒྲ་ཆེ་བའི་དབང་གིས་རྒྱལ་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ནས་སྲིད་གཞུང་གི་ཇུས་གཞིར་ལེགས་སྒྲིག་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་བཅུ་དྲུག་ཉིན། གྲོས་ཞུགས་ཁང་དང་རྒྱལ་དམངས་གྲོས་ཁང་གིས་སོ་སོར་བཟོ་བཅོས་བྱས་རྗེས་ཀྱི་ཐབས་ཇུས་དེར་འདེམ་ཤོག་འཕངས་ནས་བརྡས་ཐག་བཅད། གྲོས་ཞུགས་ཁང་གིས་ཉིན་དེར་འདེམ་ཤོག་འཕངས་ནས་ཐབས་ཇུས་དེར་གྲོས་འཆམ་བྱུང་།
ཚེས་ཉི་ཤུ་ཉིན་གྱི་དགོང་མོར། རྒྱལ་དམངས་གྲོས་ཁང་གིས་ཏང་ཁག་བརྒལ་བའི་མཉམ་འབྲེལ་གྱི་ཡིད་མི་ཆེས་པའི་ཇུས་གཞི་དང་གཡས་ཕྱོགས་སྲིད་ཏང་གིས་བཏོན་པའི་ཡིད་མི་ཆེས་པའི་ཇུས་གཞིར་བརྡས་ཐག་བཅད།
བརྡས་གཅོད་དེ་གཉིས་ལ་རྒྱབ་སྐྱོར་བྱེད་པའི་འདེམ་ཤོག་ཁ་གྲངས་ཕྱེད་ཀ་ལས་བརྒལ་ཡོད་པས་ཡིད་མི་ཆེས་པའི་གྲོས་གཞི་དེ་གཉིས་ཁས་ལེན་མ་བྱས་པ་དང་། ལས་འཁྱུར་ངལ་གསོའི་ལམ་ལུགས་ཀྱི་བཅོས་སྒྱུར་ཐབས་ཇུས་ལ་མཇུག་མཐར་རྒྱལ་དམངས་གྲོས་ཁང་ནས་གྲོས་འཆམ་བྱུང་བ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། བཅོས་སྒྱུར་ཐབས་ཇུས་དེར་ཧྥ་རན་སིའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། ཙུང་ཐུང་མཱ་ཁི་ལུང་གིས་ཁྱབ་བསྒྲགས་ལག་བསྟར་བྱེད་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།