ཚེས་ཉེར་གཅིག་ཉིན། འཇར་པན་གྱི་ས་ཁུལ་སོ་སོའི་མང་ཚོགས་སྟོང་ལྷག་གིས་ཏུང་ཅིན་དུ་འདུ་ཚོགས་བསྡུས་ནས། འཇར་པན་སྲིད་གཞུང་དང་ཏུང་ཅིན་གློག་ཤུགས་ཀུང་ཟིས་ཧྥུའུ་ཏའོ་ཡི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་པོའི་བཙོག་ཆུ་ཕྱིར་རྒྱ་མཚོའི་ནང་འདོན་པའི་འཆར་གཞི་ལ་ངོ་རྒོལ་བྱས། ཧྥུའུ་ཏའོ་རྫོང་གྲོང་ཁྱེར་སྡོད་དམངས་ཚོགས་པའི་འཐུས་མིས་བཤད་རྒྱུར། ཧྥུའུ་ཏའོ་རྫོང་གི་གླེང་ཕྱོགས་རྟོག་ཞིབ་ལས་མངོན་པ་ལྟར་ན། ཧ་ཅང་བཅུ་ཆའི་བདུན་གྱི་མིས་ཉིང་རྡུལ་ནུས་པའི་སྦགས་བཙོག་ཆུ་ཕྱིར་རྒྱ་མཚོའི་ནང་འདོན་པར་ངོ་རྒོལ་བྱེད་བཞིན་ཡོད། ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་པོའི་གསོག་སྣོད་ནང་གི་ཉིང་རྡུལ་ནུས་པའི་བཙོག་ཆུའི་ནང་འཕྲོ་འགྱེད་རང་བཞིན་གྱི་དངོས་རྫས་རིགས་བཅུ་འདུས་པ་དང་། གལ་ཏེ་ཕྱིར་འདོན་བྱས་ན་ཉུང་མཐར་ཡང་ལོ་ངོ་སུམ་ཅུར་ཕྱིར་འདོན་བྱེད་དགོས་པ་རེད། ཉེ་སྔོན་ངོ་རྒོལ་བྱེད་པའི་མང་ཚོགས་ཀྱིས་ད་རུང་མིང་འགོད་པའི་བྱ་འགུལ་སྤེལ་ནས་ཏུང་ཅིན་གློག་ཤུགས་ཀུང་ཟིས་བཙོག་ཆུ་ཕྱིར་རྒྱ་མཚོའི་ནང་འདོན་པའི་འཆར་གཞི་དེ་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན་པ་དང་། མིང་བཀོད་པའི་རེ་ཞུའི་ཡི་གེ་ཁྲི་གཅིག་ལྷག་འབྱོར་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།