ཝེ་ནེ་ཙུའེ་ལཱ་དང་ཁུ་པཱ་རྒྱལ་ཁབ་གཉིས་ཀྱིས་ཨ་མེ་རི་ཁས་འགྲོ་མིའི་ཐོབ་ཐང་གནད་དོན་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་རྒོལ་གཏམ་བཏང་།
2023.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཉེ་སྔོན་སྤེལ་བའི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་གཞན་པའི་འགྲོ་མིའི་ཐོབ་ཐང་སྙན་ཞུ་ལ་ངོ་རྒོལ་དྲག་པོ་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ལོ་ངོ་བཅུ་ཕྲག་འགའི་རིང་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོ་ནས་ཨ་མེ་རི་ཁས་རྒྱབ་སྐྱོར་བྱེད་པའི་འཐབ་འཁྲུག་བྱུང་བར་སྣང་ཆུང་བྱས་པ་དང་། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་སྤེལ་བའི་རྒྱུན་མཐུད་བཀག་སྡོམ་དང་དཔུང་འཇུག་བྱེད་པར་སྣང་ཆུང་བྱེད་ཀྱང་། ཨ་མེ་རི་ཁའི་འདོད་བློ་དང་འགལ་བའི་བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་བཞིན་ཡོད། ཨ་མེ་རི་ཁའི་བྱ་སྤྱོད་དེ་རིགས་ཀྱིས་འགྲོ་མིའི་ཐོབ་ཐང་གནད་དོན་དེ་ཆབ་སྲིད་ཀྱི་ཡོ་བྱད་དུ་བྱས་ཡོད་ཟེར། ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཀྱང་ཚེས་ཉེར་གཅིག་ཉིན་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ཁབ་རང་གི་རིགས་རྒྱུད་མཐོང་ཆུང་སོགས་གནད་དོན་མ་མཐོང་བ་བཞིན་དུ་སྣང་མེད་དུ་བསྐྱུར་ཡང་། ཁུ་པཱ་སོགས་རྒྱལ་ཁབ་ཀྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་ལ་ཁྱད་གསོད་བྱེད་པ་དེ་དང་ལེན་བྱེད་ཐབས་མེད་ལ། དེ་ལས་ཨ་མེ་རི་ཁའི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་གསལ་རྗེན་དུ་མངོན་པར་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།