ཨ་ཀིན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། ཨ་ཀིན་ཐིན་གྱིས་ཡང་བསྐྱར་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ནང་ཞུགས་རྒྱུ་ཐག་བཅད་ཡོད་ཟེར།
ཧྥེ་ཨར་ནན་ཏི་སི་ཡིས་ཨ་ཀིན་ཐིན་གྱི་ཙུང་ཐུང་བཞུགས་ཤག་ནས་ཉིན་དེར་གསལ་སྒྲོག་སྤེལ་ནས། ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་སོ་སོ་འབྲེལ་འདྲིས་ཟབ་པའི་ཕུང་བོ་གཅིག་ཡིན་པས། མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ནས་གང་མགྱོགས་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ཡང་བསྐྱར་དར་རྒྱས་སུ་གཏོང་དགོས་ཟེར།
མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་དེ་ཉིས་སྟོང་བརྒྱད་ལོའི་ཟླ་ལྔ་བར་བཙུགས་པ་དང་། པའོ་ལེ་ཝེ་ཡཱ་དང་ཁོ་ལོམ་པུ་ཡཱ། ཨིག་ཀྭ་ཏོར། ཕེ་རུ། ཝེ་ནེ་ཙུའེ་ལཱ། ཨ་ཀིན་ཐིན། པཱ་ཞི། ཝུ་ར་ཀུའེ། པཱ་ལཱ་ཀུའེ། ཀྲི་ལི། ཀུའེ་ཡཱ་ནཱ། སུའུ་ལི་ནན་བཅས་ཁོངས་མི་བཅུ་གཉིས་ཀྱིས་གྲུབ་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ། ཨ་ཀིན་ཐིན་དང་པཱ་ཞི་སོགས་རྒྱལ་ཁབ་བརྒྱད་བསྟུད་མར་རྩ་འཛུགས་དེ་ལས་ཕྱིར་བུད་པའམ་ཡང་ན་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མཚམས་བཞག་པ་རེད།
ད་ལོའི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཧྥེ་ཨར་ནན་ཏི་སི་དང་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཨ་ཀིན་ཐིན་གྱི་ཙུང་ཐུང་བཞུགས་ཤག་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ལྷོ་ཕྱོགས་ཐུན་མོང་ཚོང་རའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཡང་བསྐྱར་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ལ་གསོན་ཤུགས་རྒྱས་སུ་བཅུག་ནས། མེ་གླིང་ལྷོ་མའི་ཐུན་མོང་དངུལ་ལོར་འཛུགས་པའི་སྐོར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།