སུའེ་ཏེན་གྲོས་ཁང་གིས་ཚེས་ཉེར་གཉིས་ཉིན་འདེམ་ཤོག་འཕངས་ཏེ་སྲིད་གཞུང་གི་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གྲོས་གཞིར་ཆོག་མཆན་བཀོད།
སུའེ་ཏེན་གྲོས་ཁང་ལ་བསྡོམས་པས་ལས་གནས་སུམ་བརྒྱ་དང་ཞེ་དགུ་ཡོད་པ་དང་། ཉིན་དེར་བརྡས་ཐག་གཅོད་སྐབས། བསྡོམས་པས་འདེམ་ཤོག་ཉིས་བརྒྱ་དང་རེ་དགུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་སོ་བདུན་གྱིས་ངོ་རྒོལ་བྱས་ལ། གཞན་ཡང་གྲོས་མི་ཞེ་གསུམ་བྱ་འགུལ་དེར་ཞུགས་མེད།
སུའེ་ཏེན་སྤྱི་ཚོགས་དམངས་གཙོ་ཏང་གི་གྲོས་མི། སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཝ་ཨར་སི་ཐི་ལོན་གྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་ཆོད་དོན་དེས་སུའེ་ཏེན་གྱི་སྒེར་ཚུགས་ལ་ཤུགས་རྐྱེན་ཐེབས་སྲིད་ཟེར། སུའེ་ཏེན་གཡོན་རུ་ཏང་དང་ཁོར་ཡུག་ཏང་གིས་སུའེ་ཏེན་རྒྱལ་ཁབ་མཇུག་མཐར་ཟིལ་ཤུགས་ཀྱིས་ཉིང་རྡུལ་ནུས་པའི་མཚོན་ཆའི་རྨང་གཞིའི་སྟེང་བཙུགས་པའི་མནའ་འབྲེལ་ཞིག་ཏུ་ཞུགས་པར་སྐྱོན་བརྗོད་བྱས་པ་དང་། དེ་ལས་སུའེ་ཏེན་གྱི་སྒེར་ཚུགས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁྱབ་ཁོངས་ཇེ་ཆུང་དུ་བཏང་སྟེ། འཁྲུག་རྩོད་གཞན་པའི་ནང་ཞུགས་སུ་འཇུག་སྲིད་ཟེར།
ན་ནིང་ཟླ་ལྔ་བར། སུའེ་ཏེན་དང་ཁྱིམ་མཚེས་རྒྱལ་ཁབ་ཧྥུན་ལན་གྱིས་དུས་མཉམ་དུ་བྱང་ཆིངས་རྩ་འཛུགས་ལ་ཞུགས་པའི་རེ་བ་བཏོན། ལས་རིམ་ལྟར་ན་བྱང་ཆིངས་རྩ་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུ་གཅིག་གྱུར་ཡིད་འཐད་བྱུང་བའི་སྔོན་འགྲོའི་འོག་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་དང་ལེན་བྱས་ཆོག་པ་རེད། མིག་སྔར་ཐུར་ཁེ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱིས་ཧྥུན་ལན་དང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་དངོས་སུ་ཆོག་མཆན་བཀོད་མེད།
ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་འདིའི་ཚེས་བཅུ་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། ཐུར་ཁེ་ཡིས་ཧྥུན་ལན་བྱང་ཆིངས་རྩ་ཛའུགས་སུ་ཞུགས་པའི་ཐད་བསྒྲུབས་པའི་བྱ་བར་ཁས་ལེན་བྱས་ཡོད་པ་དང་། ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་འབྲེལ་ཡོད་ལས་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཐག་བཅད། དེ་ལས་གཞན་ཧང་ག་རིའི་རྒྱལ་ཚོགས་ཀྱིས་ཚེས་ཉེར་བདུན་ཉིན་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་འགོད་མིན་ཐད་ནས་འདེམ་ཤོག་འཕེན་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།