དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་གྲོས་མོལ་བྱས་པ་དང་མྱུར་མོར་ཐུག་འཕྲད་བྱེད་པར་ཡིད་འཐད་བྱུང་།
2023.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མྱུར་མོར་ཐུག་འཕྲད་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། དབྱི་ལིང་གིས་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་རྒྱ་སྐྱེད་དང་ཤུགས་སྣོན་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། ཧྥེ་སཱ་ཨར་གྱིས་བསྟན་དོན། པེ་ཅིང་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མྱུར་མོར་ཐུག་འཕྲད་བྱེད་པའི་དགོས་གལ་ཆེ་ཟེར།

བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མྱུར་མོར་ཐུག་འཕྲད་བྱེད་པར་འཐད་པ་བྱུང་བར་མ་ཟད། གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་བྱེད་པའི་ཐད་དགོས་ངེས་ཀྱི་བཀོད་སྒྲིག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།