ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་ཉེར་གསུམ་ཉིན་ཨུ་རུ་སིའི་ཐེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་སྐོར་ནས་དཔྱད་བརྗོད་སྤེལ་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་བསམ་ཚུལ་གསལ་བོར་བསྟན་ཡོད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཐེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་དེ་ཉིས་སྟོང་གཅིག་ལོའི་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་བཀོད་པའི་ཨུ་རུ་སི་དང་ཀྲུང་གོའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་སྲོལ་ཡིག་ནང་རྒྱས་བཤད་གསལ་བོ་བྱས་ཡོད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ལངས་ཕྱོགས་དེ་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་གྲོས་མོལ་རྗེས་སུ་བཀོད་པའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་ཁྲོད་དུའང་བདེན་དཔང་བྱས་ཡོད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་གནད་དོན་ཡོད་ཚད་ཐད་ནས་ཕྱི་འབྲེལ་གྱི་མཐུན་སྦྱོར་ཟབ་མོ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།