ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ཆུ་དོན་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ།
ཉིས་སྟོང་ཉེར་གསུམ་ལོའི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། སེ་ནེ་ཀལ་གྱི་ཅིག་ཨར་པེ་ལེ་ས་ཁུལ་གྱི་ཐེ་ནེ་ཧྥུའུ་ལེ་སྡེ་བར་སྡེ་མིས་ཆུ་ལེན་པར་སྒུག་བཞིན་པ།
ཚོགས་ཡུན་ཉིན་གསུམ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ཆུ་དོན་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་ཕུལ་ཏེ། འབྲེལ་ཡོད་ཕྱོགས་སོ་སོས་བྱེད་ཐབས་བསྒྱུར་བའི་ནུས་ལྡན་འགུལ་སྐྱོད་སྤེལ་ནས་འཛམ་གླིང་ཡོངས་ཀྱི་ཆུའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ཆུ་དོན་གྲོས་ཚོགས་ནི་ཧི་ལན་དང་ཐཱ་ཅི་ཁི་སི་ཐན་གྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། ཐོ་འགོད་བྱས་པའི་དམངས་ཁྲོད་འཐུས་ཚབ་ཚོགས་པའི་འཐུས་མི་དང་ཚོང་དོན་ལས་རིགས་ཀྱི་གཙོ་འཛིན། ཆེད་མཁས་པ་བཅས་མི་སྟོང་དྲུག་ལྷག་ཚོགས་འདུར་ཞུགས། ཚོད་དཔག་བྱས་ན་གྲོས་ཚོགས་ནས་ཆུའི་འགུལ་སྐྱོད་གྲོས་རིམ་ལ་གྲོས་མཐུན་འགོད་རྒྱུ་རེད། གྲོས་རིམ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ཁེ་ཕན་གྱི་འབྲེལ་བ་ཡོད་པའི་འབྲེལ་ཡོད་ཕྱོགས་ཁག་གཞན་པའི་དམ་བཅའ་རབ་དང་རིམ་པར་འབྲེལ་ཡོད་པ་དང་། དམིགས་ཡུལ་ནི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་དམ་བཅའ་རབ་དང་རིམ་པ་འདོན་པ་དང་། ཕན་ནུས་ལྡན་པའི་ཐག་གཅོད་ཇུས་གཞི་བཏོན་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་ཏེ་མི་ཚང་མར་ཆུ་དང་ཁོར་ཡུག་གཙང་སྦྲ་འདོན་སྤྲོད་བྱས་ནས་དེར་རྒྱུན་མཐུད་ཀྱིས་དོ་དམ་བྱེད་པ་མྱུར་དུ་མངོན་འགྱུར་བྱེད་ཆེད་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་སྔར་བཞིན་མི་ཐེར་འབུམ་གཉིས་ཙམ་ལ་བདེ་འཇགས་ཀྱི་འཐུང་ཆུ་ཐོབ་ཐབས་མེད་པ་དང་། བཙོག་ཆུ་མང་བོ་ཐག་གཅོད་མ་བྱས་པར་ཕྱིར་ཁོར་ཡུག་ཏུ་ཕྱིར་གཏོང་བྱེད་བཞིན་ཡོད་ལ། མིའི་རིགས་ཀྱི་ཆུའི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་ལྔ་བཅུ་ལོའི་བར་ཚྭ་མེད་ཆུའི་དགོས་མཁོ་བརྒྱ་ཆའི་བཞི་བཅུའི་ཡན་ཇེ་མང་དུ་འགྲོ་རྒྱུ་རེད།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་བརྒྱུད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆུའི་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་རང་བཞིན་དང་ཞི་བདེ་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་ལ་ངོས་ཟིན་ཐོབ་པར་བྱེད་དགོས་པར་མ་ཟད། དོན་དེའི་ཐད་ནས་འཕུར་བསྐྱོད་རང་བཞིན་གྱི་འགུལ་སྐྱོད་སྤེལ་དགོས་ཟེར།
སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁི་ལེ་ཞི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ད་ལྟ་བྱེད་ཐབས་བསྒྱུར་བར་དམ་བཅའ་བཞག་ནས་ཆུའི་འགུལ་སྐྱོད་གྲོས་རིམ་ལག་ལེན་དུ་བསྟར་བའི་དུས་ལ་བབས་ཡོད། ཆུ་ལོག་གི་འཇིགས་པ་གང་འདོད་དུ་བྱུང་ནས་ཚེ་སྲོག་འཕྲོག་པ་དང་། ཆུ་ཇེ་ཉུང་དུ་སོང་བ་ལས་མིའི་རིགས་ཀྱི་ལ་རྒྱ་ཡོད་པའི་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་ཡོད་ལ། སྦགས་བཙོག་ཅན་གྱི་ཆུས་ང་ཚོའི་བདེ་ཐང་དང་ང་ཚོ་སྡོད་སའི་རང་བྱུང་ཁམས་ཆེན་མོར་འཇིགས་ཉེན་བཟོ་བཞིན་ཡོད། མ་འོངས་པའི་ཆུའི་བདེ་འཇགས་ཐད་ཀྱི་མཉམ་ལས་དེ་ཆབ་སྲིད་རེ་འདུན་དང་དཔལ་འབྱོར་བློ་གྲོས། རིག་གནས་དཀྱེལ་ཡངས་སམ་དང་ལེན་བཅས་ལས་མགོ་རྩོམ་དགོས་ཟེར། ཁོས་འདུ་ཤེས་བསྒྱུར་བ་དང་སྤོབས་པ་ཆེན་པོས་བྱེད་ཐབས་བསྒྱུར་བའི་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་གཙོ་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལིས་ཅོན་ཧྭ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཆུའི་རིན་ཐང་ལ་ཇི་ལྟར་དཔྱད་འཇོག་བྱེད་པ་དང་། ཆུའི་རྒྱུན་མཐུད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། གྲོང་ཁྱེར་གྱི་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོབ། ཞི་བདེ་བཅས་ཐད་ཀྱི་ནུས་པ་དང་ཤུགས་རྐྱེན་ལ་བསམ་བློ་གཏོང་དགོས། དེ་ལས་གཞན་ཆུ་དང་ནུས་ཁུངས། འབྲུ་རིགས་བཅས་བར་གྱི་འབྲེལ་བར་དོ་སྣང་བྱེད་པར་ཡང་གལ་འགངས་ཧ་ཅང་ཆེ་ཟེར།
ཚང་འཛོམས་གྲོས་ཚོགས་ལས་གཞན་ཐེངས་འདིའི་ཆུ་དོན་གྲོས་ཚོགས་ནས་ད་རུང་ཆུས་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་། ཆུས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གྲོས་མོལ་ལྔ་སྤེལ་རྒྱུ་ཡིན་ལ། གྲོས་ཚོགས་སྐབས་སུ་ད་རུང་རིམ་པ་མཐོ་བའི་དམིགས་བསལ་བྱ་འགུལ་བཞི་དང་ཕྱོགས་སོ་སོའི་གྲོས་མོལ་ལྔ་བརྒྱ་ལྷག་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།