ཁཱ་མཱེ་ལོང་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། སྲིད་འཛིན་ཏང་ཁཱ་མཱེ་ལོང་མི་དམངས་དམངས་གཙོ་མནའ་འབྲེལ་ལ་ཉེ་སྔོན་སྤེལ་བའི་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད་ལས་གནས་བདུན་ཅུ་བོ་ཚང་མ་ཐོབ་ཡོད་ཟེར།
ཁཱ་མཱེ་ལོང་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་དེ་ཞི་བདེ་ཁྲིམས་སྲུང་གི་སྣང་ཚུལ་ཁྲོད་སྤེལ་བ་ཡིན་ཞིང་། སྤྱིའི་འདེམ་ཤོག་འཕངས་ཚད་བརྒྱ་ཆའི་གོ་དགུ་ལྷག་ཡིན་ཟེར།
ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་དེ་ཁཱ་མཱེ་ལོང་རྒྱལ་ཡོངས་ཀྱི་ས་ཁུལ་ཆེན་མོ་བཅུའི་འདེམ་ཤོག་འཕེན་ས་བརྒྱ་དང་གོ་བརྒྱད་ནས་སྤེལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོས་མི་ཁྲི་ལྷག་གིས་སྲིད་ཏང་བཅུའི་འདེམ་སྒུག་མི་སྣའི་ཁྲོད་ནས་གྲོས་ཞུགས་ཁང་གི་གྲོས་མི་བདུན་ཅུ་བདམས་པ་དང་། གྲོས་ཞུགས་ཁང་གི་གྲོས་མིའི་འགན་ཡུན་ལོ་ལྔ་རེད།
ཁཱ་མཱེ་ལོང་གྲོས་ཁང་གིས་གྲོས་ཁང་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། རྒྱལ་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་གྲུབ་ཡོད། གྲོས་ཞུགས་ཁང་ལ་བསྡོམས་པས་གྲོས་མིའི་ལས་གནས་བརྒྱ་ཡོད་ལ། ས་ཁུལ་ཆེན་མོ་སོ་སོར་ལས་གནས་བཅུ་རེ་ཡོད། དེའི་ནང་ལས་གནས་བདུན་ཅུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོས་མིས་གདམ་དགོས་པ་དང་། ལས་གནས་སུམ་ཅུ་ཙུང་ཐུང་གིས་ཐད་ཀར་དུ་བསྐོ་འཇོག་བྱས་ཆོག ཁཱ་མཱེ་ལོང་གི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཙུང་ཐུང་གིས་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས་ཀྱི་ཉིན་བཅུའི་ནང་དེའི་འཕྲོའི་ལས་གནས་སུམ་ཅུ་བསྐོ་འཇོག་བྱེད་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།