ཐུ་ནི་ཞི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ལྐོག་འགྲོའི་གྲུ་གཟིངས་བཞི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཐུ་ནི་ཞི་ཡཱའི་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་དང་། མིག་སྔར་འདས་པོ་བཞིའི་བེམ་པོ་རྙེད་ཡོད་ཟེར།
ཐུ་ནི་ཞི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པ་ཅེ་པཱ་པུའུ་ལེ་ཡིས་གསར་འགོད་པར་བཤད་རྒྱུར། ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུད་ཡོད་པའི་གྲུ་གཟིངས་བཞི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཐུ་ནི་ཞི་ཡཱའི་ལྷོ་ངོས་ཀྱི་སི་ཧྥ་ཁི་སི་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་དང་། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཆུར་ལྷུང་བའི་མི་རེ་གསུམ་བསྐྱབས་ཡོད་ལ། བེམ་པོ་བཞི་རྙེད། མིག་སྔར་ཆུར་ལྷུང་བའི་མི་གཞན་པ་འཚོལ་བཞིན་ཡོད་ཟེར་ཡང་ཁོས་མི་ག་ཚོད་རྙེད་མེད་པ་གསལ་བོར་བཤད་མེད།
ཅེ་པཱ་པུའུ་ལེ་ཡིས་ད་རུང་བཤད་རྒྱུར། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཐུ་ནི་ཞི་ཡཱ་ནས་དབྱི་ཐཱ་ལེ་རུ་ལྐོག་འགྲོའི་བྱེད་རྩིས་ཡོད་པའི་མི་སྐོར་ཐེངས་བདུན་ལ་བཀག་འགོག་བྱས་པ་དང་། སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་གླིང་རྒྱལ་ཁབ་ནས་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་སུམ་བརྒྱ་དང་རེ་དྲུག་འཛིན་བཟུང་བྱས་ཟེར།
ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་སའི་བྱང་སྣེ་རུ་གནས་པ་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་བར་རྒྱ་མཚོས་ཆོད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱ་བརྒྱུད་དེ་དབྱི་ཐཱ་ལེ་རུ་ལྐོག་འགྲོས་བྱེད་པའི་དོན་དག་མང་དུ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།