འབར་མ་སྲིད་གཞུང་གིས་ཚེས་ཉེར་གསུམ་ཉིན་རྒྱལ་ས་ནེ་པུས་ཏུའུ་ནས་སྣེ་ལེན་ཚོགས་འདུ་དང་འབར་མ་ཕྱོགས་ཀྱི་མེ་ཀུང་གཙང་བོའི་མཉམ་ལས་ཆེད་དོན་ཐེབས་རྩའི་ལས་གཞིའི་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་སྤེལ་ཏེ། མེ་ཀུང་གཙང་བོའི་མཉམ་ལས་སྤེལ་མགོ་བརྩམས་ནས་ལོ་ངོ་བདུན་འགོར་བར་རྟེན་འབྲེལ་ཞུས། འབར་མའི་ཙུང་ལི་གཞོན་པ་ཏེན་ཨང་ཧྲན་དང་ཕྱི་འབྲེལ་བློན་ཆེན་ཏན་སུའེ་སོགས་སྲིད་གཞུང་གི་དཔོན་རིགས་དང་། འབར་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཧེ། དེ་མིན་ལའོ་ཝའོ་དང་ཐེ་གོ། ཡོ་ནན། ཁམ་ཕུ་ཀྲེ་བཅས་ཀྱི་འབར་མ་རུ་སྡོད་པའི་གཞུང་ཚབ་པ་སོགས་མི་ཉིས་བརྒྱ་ཙམ་བྱ་འགུལ་ལ་ཞུགས།
གྲུབ་འབྲས་འགྲེམ་སྟོན་ལས་འབར་མ་ཕྱོགས་ཀྱི་མེ་ཀུང་གཙང་བོའི་ལས་གཞིའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཡོད། ཏན་སུའེ་ཡིས་ཞུ་ཚིག་ཕུལ་ཏེ། མེ་ཀུང་གཙང་བོའི་མཉམ་ལས་ཀྱི་ཆེད་དོན་ཐེབས་རྩའི་རྒྱབ་སྐྱོར་འོག་ལས་གཞི་དྲུག་བརྒྱ་ལྷག་སྤེལ་ནས། ས་ཁུལ་དེའི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར། འབར་མ་ཕྱོགས་ཀྱི་ཁྱབ་ཁོངས་སོ་བཞིའི་ལས་གཞི་གོ་གཉིས་ལ་ཐེབས་རྩའི་རྒྱབ་སྐྱོར་ཐོབ་ཡོད་ཅིང་། འབར་མའི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད་པས། འབར་མ་ཕྱོགས་ཀྱིས་ཀྲུང་གོས་མ་དངུལ་གྱི་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། འབར་མ་ཕྱོགས་ཀྱིས་མེ་ཀུང་གཙང་བོའི་མཉམ་ལས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་དང་མཉམ་དུ། ཞི་བདེ་དང་དར་རྒྱས། རྒྱུན་མཐུད་འཕེལ་རྒྱས་བཅས་ལྡན་པའི་ས་ཁུལ་ཞིག་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།
ཁྲིན་ཧེ་ཡིས་ཞུ་ཚིག་ཕུལ་ནས་མེ་ཀུང་གཙང་བོའི་མཉམ་ལས་མགོ་བརྩམས་ནས་ལོ་ངོ་བདུན་རིང་། ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར། རྒྱུན་མཐུད་འཕེལ་རྒྱས། སྤྱི་ཚོགས་མི་གཞུང་བཅས་གནད་དོན་ཆེན་པོ་གསུམ་གྱི་ཐད་ནས་ཕན་འབྲས་ལྡན་པའི་མཉམ་ལས་བྱས། མེ་ཀུང་གཙང་བོའི་མཉམ་ལས་དེ་ས་ཁོངས་མཉམ་ལས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད་ཅིང་། བཞུར་བརྒྱུད་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད། ཀྲུང་གོའི་འཕེལ་རྒྱས་ལས་མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་དག་ལ་སྔར་ལས་ཆེ་བའི་འཕེལ་རྒྱས་གོ་སྐབས་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།
མེ་ཀུང་གཙང་བོའི་མཉམ་ལས་ནི་ཀྲུང་གོ་དང་ཁམ་ཕུ་ཀྲེ། ལའོ་ཝའོ། འབར་མ། ཐེ་གོ། ཡོ་ནན་བཅས་ཀྱིས་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་བྱེད་པའི་རྣམ་པ་གསར་བའི་ས་ཁུལ་གྱི་མཉམ་ལས་རྐྱེན་སྲོལ་ཅིག་ཡིན་པ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ནས་མགོ་བརྩམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།